༄༅།། ཨ་ལགས་སྒོ་དམར་ཚང་ངམ་ལྷ་རམས་པ་བསྟན་འཛིན་མཐུ་སྟོབས་གྲགས་པའི་ངོ་སྤྲོད་མདོར་བསྡུས།

lama        དེ་ཡང་སྒོ་དམར་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་མཐུ་སྟོབས་གྲགས་པ་མཆོག་ནི། ཤེལ་དཀར་ཞུན་མའི་རི་བོ་ཟླ་ཟེར་སྟོང་གི་འོད་ཀྱིས་སྒེག་པ་ལྟ་བུའི་གངས་རིའི་མུ་ཁྱུད་ཟླུམ་པོར་འཁྱིལ་ཞིང་འཕགས་མཆོག་ཕྱག་ན་པདྨོས་དགེ་ལེགས་ཀྱི་བྱིན་ཕབ་པའི་ཁ་བ་ཅན་གྱི་གནས་མཆོག་སྟེ། དབུས་གཙང་ཆོས་ཀྱི་ཆོལ་ཁའི་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་ད་ལྟའི་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཡུལ་ཚོའི་ཁོངས་དབུ་རུ་ཀླུང་ཤོད་མདོའི་བྲག་རྡོག་གྲོང་ཚོ་ཞེས་བྱ་བར་བོད་རབ་བྱུང་བཅུ་དྲུག་པ་ལྕགས་ཕོ་སྤྲེལ་གྱི་ལོ་སྟེ་༡༩༨༠ལོར་གླིང་སྟོད་ཤར་བའི་ཁྱིམ་རྒྱུད་དུ་འཁྲུངས། གླིང་སྟོད་ཤར་བ་ཟེར་བའི་ཁྱིམ་རྒྱུད་གྱི་ལས་ལ་ཕྱོགས་པ། དགེ་བའི་ཆོས་ལ་དད་ཅིང་ཡུལ་མི་ཕན་ཚུན་དབར་མཐུན་སྒྲིལ་བྱེད་པ་སོགས་ལ་སྡེ་མི་ཡོངས་ཀྱིས་ཚད་མར་འཛིན་པ་ཞིག་ཡིན་པར་མ་ཟད། ཡུལ་ཕྱོགས་དེར་སྙན་པའི་གྲགས་པ་འབར་བའི་དགེ་བཤེས་ཆེན་མོ་བྱམས་པ་ཆོས་གྲགས་ཚང་། དཔེ་ཆ་བ་དབང་རྒྱལ། གངས་གྲོལ། བཀའ་རྒྱལ་བཅས་མང་དུ་ཡོད་ཀྱང་དགོས་དབང་གིས་དེ་ཙམ་གྱིས་འཐུས་པར་བྱས་སོ། ཁྱིམ་རྒྱུད་བཟང་བོ་འདིའི་ཁྱིམ་འཛིན་པའམ་གཞན་ཕན་ལྷག་བསམ་གྱིས་ཕྱུག་ཅིང་དགེ་སྦྱོར་ལ་རྟག་ཏུ་བརྩོན་པའི་དཀོན་མཆོག་

ཟླ་བ་ལ་ཀླུང་ཤོད་ཁྲེལ་བེལ་ཡ་བཏགས་ཚང་གི་བུ་མོ་ཆུང་ཤོས་རྣམ་གྲོལ་ལམ་གཤིས་ཀ་བཟང་ལ་ངང་རྒྱུད་འཇམ་པའི་གཞོན་མ་དེ་མནའ་མར་བསུས་པ་དང་། ཁོང་རྣམ་གཉིས་ལ་སྲས་ལྔ་དང་སྲས་མོ་གཉིས་ཏེ། མཁྱེན་རྒྱ་ཡངས་པའི་དགེ་སློང་ངག་དབང་རྒྱལ་མཚན་དང་། འདུལ་འཛིན་པ་ངག་དབང་དགའ་བ། གཞུང་རྒྱུད་དྲང་ཞིང་ཆོས་ལ་དད་ཞེན་ཆེ་བའི་ཟླ་བ་བསྟན་འཛིན། སྒོ་དམར་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་མཐུ་སྟོབས་གྲགས་པ། ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་བཙུན་མ་བཀྲ་ཤིས་མཁའ་འགྲོ རྣམ་དཔྱོད་ཀྱི་ཤེས་རབ་མེ་ལྟར་འབར་བའི་དཔེ་ཆ་བ་ངག་དབང་འཕྲིན་ལས། སློབ་གྲྭ་བ་ངག་དབང་མཚོ་མོ་བཅས་བདུན་ཡོད་པ་ལས་སྐྱེས་མཆོག་ཁོང་ནི་བཞི་བ་ཡིན་ལ། སྐུ་ན་ཕྲ་དུས་ནས་རྣམ་དཔྱོད་འགྲན་ཟླ་བྲལ་ཞིང་བཟང་སྤྱོད་ཀྱི་རྟགས་མཚན་མང་དུ་མངའ་བ་ཞིག་གོ།༡༩༩༢ལོའི་ཟླ་༡པའི་ཚེས༢༨ཉིན་ཏེ་དགུང་ལོ༡༣སྟེང་སྐྱེ་ཕྲེང་གོང་མའི་ཐུགས་སྐྱེད་སྨོན་ལམ་བཏབ་པ་ལྟར་ཞྭ་སེར་བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོ་བྱམས་ཆེན་ཆོས་རྗེ་མཆོག་གིས་ཕྱག་འདེབས་མཛད་པའི་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཤིང་། ལོ་དེའི་ཟླ༦པའི་ཚེས༤ཉིན་སེ་ར་དགོན་པའི་ནང་བསྟན་གྲ་སྒྲིག་སློབ་གྲྭ་དབུ་ཚུགས་པའི་སྐབས་དང་ཁེལ་ཏེ་ཐེངས་དང་པོའི་སློབ་མའི་གྲལ་དུ་ཚུད་པའི་རྟེན་འབྲེལ་གྱི་དབུ་ཁྱུད་ངང་གིས་བརྩམས། ཉིན་དེའི་ཞོགས་པར་སེ་ར་དགོན་པའི་མཁན་ལས་ཐོགས་དགེ་བའི་བཤེས་གཉེན་ཆེན་མོ༸དགེ་བཤེས་སེང་གེ་རིན་པོ་ཆེ་ཞེས་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་བ་དེ་ཉིད་ཀྱི་ཞལ་མཇལ་བའི་སྐལ་བཟང་མངོན་དུ་གྱུར་བ་དང་། མཁན་རིན་པོ་ཆེ་ཐུགས་ཧ་ཅང་དགྱེས་ཏེ་ཁྱོད་རང་རབ་ཏུ་བྱུང་མཁན་ཡིན་ནམ་ཞེས་བཀའ་འདྲི་གནང་བའི་ལན་དུ། མཆོག་སྤྲུལ་རིན་པོ་ཆེས་ཡིན་ལགས་ཞུས་པར། དེ་དཔེ་མི་སྲིད་པའི་ཡག་པོ་འདུག སྐྲ་ཕུད་བཞེས་རྗེས་མཚན་ལ་བློ་བཟང་ཆོས་འབྱོར་ཐོགས་ཤིག་གསུངས་པ་དང་། འདི་ཕྱིའི་ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་རྒྱུའི་ཞལ་བཞེས་བླ་ན་མེད་པ་གནང་།
༡༩༩༣ལོའི་ཟླ༦ཚེས༡༤ཉིན་སེ་ར་དགོན་པའི་མཁན་རིན་པོ་ཆེ་འདུལ་འཛིན་ཆེན་མོ་༸རྗེ་བཙུན་ཤཱཀྱའི་ཞལ་སྔ་ནས་མཁན་སློབ་སྦྲགས་མ་དང་། རྗེ་བཙུན་ཡེ་ཤེས་བྱམས་པ་སོགས་མཁན་སློབ་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས།
༡༩༩༥ལོར་སེ་ར་དགོན་པའི་སློབ་གྲྭའི་རྒྱུགས་སྤྲོད་སྐབས་མཚན་ཉིད་འཛིན་གྲྭ་གསུམ་གྱི་ནང་ནས་སློབ་སྦྱོང་ལ་ཆེས་བཟང་བ་དགུ་བདམས་ཐོན་བྱས་པའི་གྲས་སུ་ཚུད་པར་མ་ཟད། དགེ་བའི་བཤེས་གཉེན་ཆེན་མོ་༸རྗེ་མཁས་བཙུན་དཔལ་བཟང་དང་། དགེ་བཤེས་ཆེན་མོ་བློ་བཟང་མགོན་པོ། ཆོས་སྡེ་འདིའི་བསྟན་པའི་མངའ་བདག་ཆེན་པོ་རྗེ་བཙུན་ངག་དབང་ཟླ་གྲགས་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིནན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཛད་པའི་དབུ་ཚུགས་ཏེ། ལོ་དེའི་ཟླ་བཅུ་གཅིག་པའི་ནང་འཇང་དགོན་པར་འཚོགས་པའི་སེ་འབྲས་དགེ་གསུམ་གྱི་འཇང་དགུན་ཆོས་སྟེང་ཕེབས་སྐལ་བྱུང་སྟེ་ཚད་ཆུང་གི་དམ་བཅའ་བཙུགས་པ་སོགས་གང་ཅིའི་ཐད་ནས་རྟེན་འབྲེལ་སྣ་ཚོགས་མ་བསྒྲིགས་རང་འགྲིགས་སུ་གྱུར་བ་དང་། དེར་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཨ་ལགས་སྒོ་དམར་སྐུ་ཕྲེང་བདུན་པ་བློ་བཟང་ཆོས་འཕེལ་ལུང་རྟོགས་རྒྱ་མཚོའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་སྟེ་མཚན་ལ་བསྟན་འཛིན་མཐུ་སྟོབས་གྲགས་པ་ཞེས་བསྩལ། ༡༩༩༦ལོའི་ཟླ་༦པའི་ཚེས༤ཉིན་མདོ་སྨད་ཀྱི་ཆར་གཏོགས། རྗེ་བཙུན་མི་ལ་གཉིས་པར་གྲགས་པའི་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་དགེ་ལྡན་རིང་ལུགས་ཀྱི་འཇའ་འོད་གུར་དུ་ཕུབ་པས་བཤད་སྒྲུབ་ཀྱི་སྡེ་མཐའ་ཡས་པ་བཙུགས་ཏེ་བྱིན་གྱིས་བརླབས་པའི་གནས་མཆོག མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོ་བར་མ་ཆད་པར་བྱོན་པའི་ཕ་ས་སྟེ་རེབ་གོང་གསེར་མོ་ལྗོངས་ཞེས་བྱ་བར་ཞབས་ཟུང་གསེར་གྱི་པད་མོ་རྣམ་པར་བཀོད་པ་དང་། ཨ་ལགས་རོང་བོ་ཚང་དང་། ཨ་ལགས་སྨན་ཚོང་ཚང་སོགས་བླ་མ་སྤྲུལ་སྐུ་གཙོས་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་སེར་སྦྲེང་དང་བསུ་མ་རྒྱ་ཆེན་བྱས། ༡༩༩༦ལོའི་ཟླ༦་པའི་ཚེས་༡༡བཀྲ་ཤིས་པའི་ཉིན་མོ་དེར་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་གསེར་གྱི་ཁྲི་ལ་མངའ་གསོལ་ཞིང་དད་འབངས་སེར་སྐྱ་ཡོངས་ལ་མཇལ་ཁ་གནང་བ་སོགས་ལ་རྟེན་འབྲེལ་གྱི་ཚན་ཁ་འབར་བ་བྱུང་ངོ། ལོ་དེའི་ཟླ་བདུན་པའི་ནང་རོང་བོ་སྡེ་ཆེན་ཆོས་འཁོར་གླིང་དུ་ཕེབས་ཏེ་མདོ་སྨད་ཡུལ་གྱི་སྒྲུབ་བརྒྱད་ཤིང་རྟ་བ་ཆེན་པོ་༸ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་བརྒྱད་པ་སྐལ་ལྡན་བསྟན་འཛིན་འཇིགས་མེད་མཆོག་ལ་མཇལ་སྐབས་སྐྱབས་མགོན་མཆོག་ཐུགས་ཤིན་ཏུ་དགྱེས་ཏེ་རྗེའི་རིན་པོ་ཆེས་མཛད་པའི་ལམ་སྔགས་གཉིས་དང་། ཆོས་གོས་སྣམ་སྦྱར་སོགས་ཕྱག་རྟེན་མང་དུ་བསྩལ་ཞོར་ཐོས་བསམ་གང་ལེགས་གནང་སྟེ་མ་འོངས་པར་ཡུལ་འདིར་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་མཛད་དགོས་པའི་བཀའ་ལུང་རྒྱ་ཆེར་གནང་།
༢༠༠༤ལོའི་ཟླ་༣པའི་ཚེས་༡ཉིན་སེ་ར་ཐེག་ཆེན་གླིང་གི་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་བྱམས་པ་མཆོག་གི་དྲུང་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་ལེགས་པར་མནོས། ཁོང་གིས་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་གནད་ལ་ཁེལ་བ་གནང་ཞོར་སློབ་གཉེར་ལ་སྦྱངས་བརྩོན་རྡོ་རུས་ཐུག་པ་མཛད་དེ། ཐོས་རྟགས་ཞི་ཞིང་དུལ་བ།། སྒོམ་རྟགས་ཉོན་མོངས་ཆུང་བ།། ཞེས་པ་ལྟར་ཕྱིའི་ཟང་ཟིང་ལ་མ་གཡེང་བར་ཐོས་བསམ་ཡ་མ་བྲལ་བར་བཞུགས་པའི་རྣམ་ཐར་དྲི་མ་མེད་པ་འདི་འདྲ་བསྐྱངས་དང་སྐྱོང་བཞིན་པ་ནི་སྤྱིར་སྐུ་ཕྲེང་གོང་མ་དག་གི་ཐུགས་བསྐྱེད་སྨོན་ལམ་དང་། སྒོས་སུ་དད་འབངས་ཡོངས་ཀྱི་བསོད་ནམས་ཀྱི་མཐུ་དམ་པ་ངེས་སོ།
ཁོང་སློབ་གཉེར་བྱེད་པའི་བར་གསེང་ཀུན་ཏུ་རྗེ་བཙུན་རྒྱལ་མཚན་ཤཱཀྱ་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཡེ་ཤེས་དབང་ཕྱུག དགེ་བཤེས་མཁས་བཙུན། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་དཔལ་བཟང་པོ། མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་བྱམས་པ། རྒྱུད་སྟོད་མཁན་རིན་པོ་ཆེ་བློ་བཟང་ཤེས་རབ། རྗེ་བཙུན་བློ་བཟང་ལེགས་ལྡན། རྗེ་བཙུན་ངག་དབང་ཟླ་གྲགས་དང་། དགེ་བཤེས་བློ་བཟང་ཐེག་མཆོག་བཅས་ཀྱི་དྲུང་ནས་དབང་ལུང་ཁྲིད་བཀའ་ཆོས་སོགས་མན་ངག་སྙནབརྒྱུད་ཀྱི་གདམས་པ་བར་མ་ཆད་པར་མཐའ་ཡས་པ་གསན་བཞེས་མཛད་པའི་སྐལ་བཟང་མངོན་པར་ཤར།
༢༠༠༥ལོར་སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་རིག་ཆུང་ཚོགས་ལངས་ལ་བཞེངས། སྐབས་དེར་གདན་འཛོམས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་གྲྭ་སའི་དཔེ་ཆ་བ་དུ་མས་ཡང་ནས་ཡང་དུ་བསྟོད་བསྔགས་ཀྱི་མེ་ཏོག་ཕྱོགས་བཞིར་གཏོར་བ་དང་། དགེ་འདུན་དམངས་ལ་བསྙེན་བཀུར་ཡང་ཕུན་སུམ་ཚོགས་པ་ཞུས།
༢༠༠༦ལོར་སེ་ར་ཐེག་ཆེན་གླིང་གིས་ཕུར་མཇལ་གནང་བར་བསྐུལ་བ་བཞིན་ད་ལྟ་ལ་ཐུག་གི་བར་དུ་ལོ་རེ་བཞིན་ཕྱོགས་ཡོངས་ཀྱི་དད་ལྡན་པ་འབུམ་ཕྲག་བརྒལ་བར་ཕུར་བའི་མཇལ་ཁའི་བྱིན་རླབས་བར་མེད་དུ་བསྩལ་དང་སྩོལ་བཞིན་མཆིས།
༢༠༠༨ལོ་ནས་སྒོ་དམར་ལ་ཆིབས་སྒྱུར་མཛད་དེ་སྒོ་དམར་དགོན་པའི་དགེ་འདུན་པ་རྣམས་གཙོས་སློབ་གཉེར་གྱི་ལས་སྣང་དག་པའི་བུ་སློབ་ཀུན་ལ་ལམ་རིམ་བློ་སྦྱོང་དང་། ཆོས་འདུལ་བ་སོགས་ཀྱི་སྐོར་ནས་ཆོས་རྒྱུན་མང་དུ་སྤེལ་བ་དང་། ལྷག་པར་དུ་སྒོ་དམར་སྡེ་བར་ཤེས་རིག་གི་ཞིང་ས་ལེགས་པོ་ཞིག་བསྐྲུན་ཆེད་སློབ་གཉེར་ཐེབས་རྩ་ཚོགས་པར་ཐེབས་རྩའི་མ་དངུལ་མི་ཉུང་བ་བཏང་། ཁོང་གི་ཐུགས་བཀོད་ལྟར་སྡེ་འདིའི་ན་གཞོན་སློབ་གཉེར་བ་ཡོངས་ལ་ཁ་ཕྱོགས་ཏེ(རེ་བའི་འོད་སྣང་)དུས་དེབ་འདོན་ཐེངས་གསུམ་ཙམ་དཔར་སྐྲུན་བྱས། ༢༠༡༣ཟླ་༦པའི་ཚེས༡༧ཉིན་སྒོ་དམར་དགོན་པའི་དགེ་འདུན་པ་རྣམས་ལ། བསྡུས་གྲྭའི་གཞུང་ལ་སྦྱངས་བརྩོན་བྱས་ན། གཞུང་ཆེན་ལམ་རིམ་བློ་སྦྱོང་སོགས་ལ་གཟིགས་སྐབས་གོ་བདེ་བ་དང་། རྟགས་དང་རྟེན་འབྲེལ་གྱི་དགེ་མཚན་རྒྱ་ཆེན་པོ་མངའ་བ་གཟིགས་ནས་བསྡུས་གྲྭ་ནས་དབུ་ཚུགས་ཏེ་འཆད་རྩོད་གནང་བའི་སྲོལ་བཟང་བཙུགས་ཏེ་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་མཛད་དོ།
༢༠༡༤ལོར་དགོན་པའི་དགེ་བའི་བཤེས་གཉེན་དུ་མས་ལྷ་རམས་དགེ་བཤེས་ཀྱི་མཚན་རྟགས་བཞེས་དགོས་ཚུལ་གྱི་སྐུལ་མ་ཡང་ཡང་གནང་བའི་ཁར། དབུ་ཆོས་ནས་དགོན་པའི་ཚོགས་མང་གི་དབུས་སུ་ཁོང་རིན་པོ་ཆེའི་མཚན་ནས་བོས་ཏེ། ཕུར་མཇལ་གནང་དགོས་པ་སོགས་རྒྱུ་མཚན་གང་མང་ལ་བརྟེན་ནས་འཛིན་གྲྭ་ལྷ་རམས་ཏུ་མ་ཕེབས་ཀྱང་སྔོན་གྱི་ལུགས་སྲོལ་ལྟར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་དགོས་ཞེས་བཀའ་གནང་བར་མ་ཟད། ལོ་གཉིས་ཀྱི་རིང་དགོན་པར་དམ་འཇོག་གི་བྱེད་སྒོ་ཁག་ལེགས་པར་གྲུབ་པ་དང་། ༢༠༡༥ལོའི་དགེ་བཤེས་ལྷ་རམས་པའི་རྒྱུགས་སྤྲོད་ཀྱི་དངོས་གཞི་ནི། ལོ་རེའི་ཟླ༥་པའི་ཚེས༨ནས༡༢་བར་ཕན་ཚུན་རྟགས་གསལ་གཏོང་བ་དང་དམ་བཅའ་བཞག་པ་སོགས་མཛད་སྐབས་སེ་འབྲས་དགེ་གསུམ་དང་། དེ་མིན་དགོན་སྡེ་སོ་སོ་ནས་ཕེབས་པའི་བཀའ་རབ་འབྱམས་དགེ་བའི་བཤེས་མཉེན་རྣམ་པས་སྐར་གྲངས་བརྒྱབ་པའི་སྐར་འབྲས་ལ་དཔག་ནས་ཐག་གཅོད་གནང་ཡོད་པ་ལྟར་དོན་ལའང་གནས་སོ།།
ཁོང་གིས༢༠༡༥ལོར་ཚོགས་ཆེན་རྡོ་གཅལ་སྟེང་དགེ་བཤེས་ཚེ་འཕེལ་ལགས་དང་ལྷན་དུ་དགོང་རྫོགས་མཆོད་སྤྲིན་ཁག་ལ་དམ་བཅའ་བཞུགས་པས་སྤྱོད་ལམ་སོགས་གང་ཐད་ནས་དེར་གནས་ཀྱི་མཁས་རྒུའི་ཡིད་མགུ་བར་མཛད། ལོ་གཉིས་པའམ་༢༠༡༦ལོར་དགེ་བཤེས་ཐུབ་བསྟན་ཆོས་འཛིན་ལགས་དང་ལྷན་དུ་དམ་བཅའ་བཞུགས་སྐབས། དེར་བཞུགས་ཀྱི་བླ་མ་སྤྲུལ་སྐུ་དང་། མཁན་པོ་དང་དགེ་བའི་བཤེས་གཉེན་རྣམས་གཙོས་དགེ་འདུན་པ་ཡོངས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་བསྟོད་བསྔགས་ཀྱི་འཁོར་ལོ་ཡང་ཡང་བསྐོར།
ལོ་རེའི་བོད་ཟླ་བཅུ་གཉིས་པའི་ནང་སེ་ར་བྱེས་པ་གྲྭ་ཚང་དུ་བཟང་སྤྱོད་ཆེན་མོ་ཞེས་བྱ་བའི་ཆོས་ཐོག་འཚོགས་སྐབས་དགེ་བཤེས་རྣམ་པས་དགེ་བཤེས་གཏོང་སྒོ་གཏོང་སྲོལ་ཡོད་པ་བཞིན། ༢༠༡༥ལོའི་བོད་ཟླ༡༢པའི་ཚེས༤་ཉིན་སེ་ར་དགོན་པའི་དགེ་འདུན་པ་ཡོངས་ལ་དགེ་བཤེས་མིང་རྟགས་ཀྱི་གཏོང་སྒོ་བཏང་སྟེ་བསྙེན་བཀུར་བླ་ན་མེད་པ་གནང་པ་དང་། ཚེས༥་ཉིན་སྒོ་དམར་ནས་ཕེབས་པའི་སེར་སྐྱ་རྣམས་གཙོ་བྱས་ཏེ་ཕྱོགས་ཡོངས་ནས་ཕེབས་པའི་དད་ལྡན་པ་རྣམས་ལ་བཀྲ་ཤིས་དགའ་སྟོན་དང་བསྙེན་བཀུར་གང་ལེགས་བྱས། ཚེས་༦ཉིན་དགའ་ལྡན་དགོན་པའི་དགེ་འདུན་པ་ཡོངས་ལ་དམངས་ཇ་སྐོལ་ཏེ་སྐུ་འགྱེད་སོགས་བསྙེན་བཀུར་གཟབ་རྒྱས་གནང་བ་དང་། དེའི་དགོང་མོའི་སྐུའི་འཁྲུངས་ཡུལ་ལ་དགའ་སྟོན་རྟེན་འབྲེལ་དང་བྲག་ཐོག་དགོན་པར་སྐུ་འགྱེད་བརྒྱབ་པ་སོགས་བསྙེན་བཀུར་ཚད་མེད་མཛད།
ཚེས༧ཉིན་འབྲས་སྤུངས་དགོན་པ་དང་། ཚེས༨ཉིན་གྱི་ཞོགས་པར་ར་མོ་ཆེ་དང་། ཕྱི་དྲོ་གཙུག་ལག་ཁང་། ཚེས༩ཉིན་གྱི་ཞོགས་པར་པོ་ཏ་ལ་དང་ཕྱོ་དྲོ་རྒྱུ་སྨད་གྲྭ་ཚང་། ཚེས་༡༥ཉིན་གཙང་བཀྲ་ཤིས་ལྷུན་པོར་བསྙེན་བཀུར་ཕུན་སུམ་ཚོགས་པ་གནང་།
༢༠༡༥ལོའི་ཟལ་༢པའི་ཚེས༡༢་ཉིན་སྒོ་དམར་དགོན་པའི་དགེ་འདུན་པ་ཡོངས་ལ་སེ་ར་དགོན་པ་ལྟར་བསྙེན་བཀུར་བླ་ན་མེད་པ་གནང་ཐོག་སྒོ་དམར་སྡེ་བའི་སེར་སྐྱ་ཕོ་མོ་རྣམས་གཙོས་མགྲོན་ལུང་སྡེ་བ་དང་། རྐ་སར། བྲག་དཀར། སྐུ་ཕྲེང་གོང་མའི་འཁྲུངས་ཡུལ་ནས་ཕེབས་པའི་མཚོ་སྔོན་པོའི་སྐུ་མགྲོན་ཡོངས་ལ་བཀྲ་ཤིས་དགའ་སྟོན་གྱི་ཡོ་ལང་རྒྱ་ཆེན་བཤམས།
སྤྱི་ལོ༢༠༡༦ལོའི་ཟླ་༤པའི་ཚེས༨ཉིན་སེ་ར་དགོན་པའི་ལས་ཐོགས་པ་ཡོངས་ཀྱིས་གྲོས་སྡུར་བྱས་པ་བརྒྱུད་སེ་ར་དགོན་པའི་དཔེ་ཁྲིད་དགེ་རྒན་ལ་བསྐོས་པ་ལྟར་འགན་བཞེས་ཏེ་སྐལ་ལྡན་གྱི་སློབ་བུ་རྣམས་ལ་དམཔའི་ཆོས་ཀྱི་གྲུ་ཆར་བར་མེད་དུ་འཇོ་བཞིན་ཡོད།
༢༠༡༦ལོའི་ཟླ༤པའི་ཚེས༡༠ཉིན་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བླ་སྤྲུལ་དང་དགེ་བཤེས། དགེ་འདུན་པ་གྲངས་མང་པོའི་དབུས་སུ་དམ་བཅའ་བཙུགས་ཏེ་བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོ་བའི་ཆོ་ལོའམ། ལྷ་རམས་དགེ་བཤེས་ཨང་དང་པོའི་མཚན་རྟགས་གཟི་བརྗིད་ངང་བཞེས་པ་དང་། བཀྲ་ཤིས་པའི་རྟེན་འབྲེལ་གྱི་སྒོ་མོ་ངང་གིས་ཕྱེས་ཏེ་མཚན་སྙན་གྱི་སྒྲ་དབྱངས་དཀར་པོ་ཉིན་རེ་བཞིན་ཕྱོགས་ནས་ཕྱོགས་སུ་ཁྱབ་མོད། ད་དུང་ཡང་སྐྱེས་ཆེན་དམ་པའི་རྣམ་ཐར་ཚུལ་བཞིན་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ།།

 རྩོམ་པ་པོ།  སྒོ་རབ་རྒྱས།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,