རེབ་གོང་གི་དམག་རྩེད་ཆོ་གའི་བྱུང་རིམ་སྐོར་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།……གནམ་ལྷ།

dfgf“རེབ་ གོང་གླུ་རོལ”ཞེས་པ་ནི་ཧོར་ཟླ་དྲུག་པའི་ནང་དུ་བསང་མཆོད་དང་བསྟོད་གླུ་སྣ་ ཚོགས་ཀྱིས་ལྷ་ཀླུ་གཞི་བདག་དགྱེས་པར་བྱེད་པའི་ཆོ་གའི་རྣམ་པ་ཞིག་ཡིན་ལ། དེ་དང་སྦྲགས་ནས་ཡུལ་མི་རྒན་གཞོན་ཚང་མས་ཟས་གོས་གང་འཛོམ་ས་ཀྱིས་འཚོ་བའི་དགའ་ སྐྱིད་ལ་རོལ་བའི་དུས་སྟོན་གལ་ཆེན་ཞིག་ཀྱང་ཡིན། གླུ་རོལ་གྱི་ཆོ་ག་དེར་ཡུལ་ཕྱོགས་སོ་སོའི་རྩེད་མོའི་རྣམ་པ་དང་ལུགས་སྲོལ་མི་འདྲ་བའི་དབང་གིས་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་ཅེས་རིགས་ཆེ་བ་གསུམ་དུ་དགར་ཡོད་ལ། ལྷ་རྩེད་དང་ཀླུ་རྩེད་གཉིས་ནི་ཡུལ་འདི་ཙམ་མ་ཟད་ཞུན་ཧྭ་དང་ཁྲི་ཀའི་ཡུལ་དུ་དར་ཡོད་ནའང་། དམག་རྩེད་གླུ་རོལ་ནི་ས་དབྱིབས་རྡོ་རྗེ་འདྲ་བའི་ལུང་ཁོག་འདིར་མ་གཏོགས་ས་གཞན་གང་དུའང་མེད་པའི་ཆོ་གའི་རྩེད་རིགས་ཁྱད་པར་བ་ཞིག་ཡིན། ལྷག་པར་དུ་ཡུལ་འདིའི་“སྒོ་དམར”དང“རྐ་གསར”ཞེས་པའི་སྡེ་གཉིས་ཀྱི་གླུ་རོལ་ནི་ བྱུང་རིམ་གྱི་ཁུངས་སྔ་ཞིང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་དམག་རྩེད་ ཤ་སྟག་ཡིན་ལ། དམངས་ཁྲོད་ཀྱི་ཆོ་ག་འདིར་ལྷ་བསང་གཏོང་བ་དང་། ལབ་ཙེ་བསྟོད་པ། དམར་མཆོད་བྱེད་པ། ཤིང་མོ་འདེབས་པ་སོགས་བོད་གདོད་མའི་ལུགས་སྲོལ་གྱི་གཡའ་རིས་མ་ཡལ་བར་ད་ལྟའི་ བར་དུ་རྒྱུན་འཛིན་བྱས་ཡོད་པ་མ་ཟད། གནའ་རབས་བོད་བཙན་པོའི་དུས་ཀྱི་དམག་གི་སྒྲིག་ཁྲིམས་དང་སྤྱི་ཚིགས་འཚོ་བའི་ རྣམ་པ་རོབ་ཙམ་མཚོན་ཐུབ་པ་ཞིག་ཡིན་པས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེ།
དམག་རྩེད་གླུ་རོལ་གྱི་བྱུང་རྐྱེན། རེབ་གོང་ཡུལ་གྱི་དམག་རྩེད་ཆོ་ག་དེའང་བོད་བཙན་པོའི་དུས་ནས་བྱུང་བ་ཞིག་སྟེ། སྔོན་བོད་རྒྱལ་སྟག་རི་གཉན་གཟིགས་སྐབས་ནས་རྒྱལ་ཕྲན་གཅིག་སྡུད་ཀྱི་འགོ་བརྩམས་ པ་དང་། གནམ་རི་སྲོང་བཙན་གྱི་སྐབས་སུ་དངོས་འབྲེལ་ལག་ལེན་དུ་བཏང་སྟེ་ཞང་ཞུང་དང་སུམ་ པ་ལ་སོགས་མཐའ་བཞིའི་རྒྱལ་ཕྲན་མང་པོ་མངའ་འོག་ཏུ་བསྡུས་ནས་བོད་ཁམས་གཅིག་གྱུར་ གྱིས་སྲིད་དབང་བསྐྱངས་ཡོད་ནའང་། སྐབས་དེར་གཏན་འཁེལ་གྱི་སྲིད་ཁྲིམས་དང་དམག་གི་སྒྲིག་ཁྲིམས་སོགས་རྒྱལ་ཁམས་ བདེ་འཇགས་ཀྱིས་སྐྱོང་བའི་ཆབ་སྲིད་ཀྱི་མ་ལག་འཐུས་ཚང་ཞིག་མེད་པས། མཐར་རྒྱལ་བློན་བར་གྱི་འགལ་བ་ཛ་དྲག་གིས་བཙན་པོ་དུག་གིས་བཀྲོངས་ཤིང་རྒྱལ་ཁམས་ འཐོར་ཞིག་ཏུ་སོང་། རྒྱལ་ཕྲན་མང་པོས་ངོ་ལོག་ཟིང་འཁྲུག་སློང་བའི་ཆབ་སྲིད་རྙོག་འཛིང་གི་སྐབས་དེར་ བོད་རྒྱལ་སྲོང་བཙན་སྒམ་པོ་རང་ལོ་བཅུ་གསུམ་སྟེང་རྒྱལ་སར་བཞུགས་ཏེ་ཞི་དྲག་ ཟུང་གི་ཐབས་ཀྱིས་ནང་ཁུལ་བདེ་ལ་བཀོད་པ་མ་ཟད། སྔར་ངོ་ལོག་པའི་རྒྱལ་ཕྲན་དྭགས་ཀོང་མྱང་གསུམ་སོགས་ཡང་བསྐྱར་ཆབ་འོག་ཏུ་བསྡུས་ པ་དང་རང་གི་དྲག་པོའི་དཔུང་སྟོབས་ལ་བརྟེན་ནས་རྒྱལ་ཁམས་རྒྱ་བསྐྱེད་ཀྱིས་ས་ མཚམས་མཐའ་བཞིའི་རྒྱལ་ཁབ་ལ་གཏུགས་པར་བྱས་ནས་བོད་ཆེན་པོའི་སྲིད་དབང་དངོས་སུ་ བཙུགས་པ་རེད། ཕྱིས་སུ་བོད་རྒྱལ་ཞེ་གཅིག་པ་ཁྲི་རལ་བ་ཅན་གྱི་དུས་སུ་བསླེབས་དུས་རྒྱ་བོད་ས་ མཚམས་ནས་ཡུལ་རྩོད་དམག་འཁྲུག་ཐེངས་མང་བྱུང་སྟེ་ཕྱོགས་གཉིས་ཀྱི་མི་ནོར་ཕྱུགས་ གསུམ་ལ་གྱོང་གུད་ཚབས་ཆེན་བཟོས་པ་དང་། སྤྱི་ལོ་བརྒྱད་བརྒྱ་ཉེར་གཅིག་ལོར་བོད་ཀྱི་རྗེ་བོ་མངའ་བདག་ཁྲི་རལ་བ་ཅན་དང་ ཐང་གུར་རྒྱ་རྗེ་གཉིས་ཀྱིས་ཕན་ཚུན་ཕོ་ཉ་མངགས་ནས་ཞི་མཐུན་གྱི་གྲོས་མོལ་ བརྒྱུད་འདུམ་འགྲིལ་བྱས་ཏེ། ཕྱིན་ཆད་དམག་འཁྲུག་མི་བྱེད་པའི་བཀའ་གཙིགས་ཀྱི་ཡི་གེ་རྡོ་རིང་ལ་བརྐོས་ནས་ བཙུགས་པས་རྒྱ་བོད་ལོ་རྒྱུས་སྟེང་གྲགས་ཆེ་བའི“དབོན་ཞང་མཐུན་སྒྲིལ་རྡོ་ རིང”ཞེས་པ་བྱུང་བ་རེད། དུས་དེ་ནས་བཟུང་བོད་རྒྱའི་མཐའ་མཚམས་ནས་དམག་འཁྲུག་གི་མཚམས་ཆད་ཅིང་། མཐའ་སྲུང་དམག་དང་མང་ཚོགས་ཀྱིས་ཡུན་རིང་ལ་རེ་སྒུག་བྱས་པའི་དུས་བདེ་ཞོད་འཇགས་ ཀྱི་འཚོ་བ་སྐྱིད་པོ་རོལ་ཐུབ་པ་བྱུང་བས། དམག་འཁྲུག་གི་ཡོ་བྱད་རྣམས་གཞི་གཅིག་ཏུ་བསྡུས་ཏེ་དམག་མི་རྒྱག་པའི་དམ་བཅས་ནས་ སྟོན་མོ་རྒྱ་ཆེན་པོ་བྱས་པ་དང་། སྔར་སྲོལ་ལྟར་རྟ་ནོར་ལུག་གསུམ་དམར་མཆོད་ཀྱིས་ལྷ་བསང་རྒྱ་ཆེན་པོ་ཕུལ་ནས་ སྐྱིད་པའི་གླུ་དང་དགའ་བའི་བྲོ་ཅི་དགར་འཁྲབ་པ་མ་ཟད། སྔོན་དམག་འཁྲུག་ཁྲོད་བྱས་རྗེས་ཆེ་བའི་དམག་དཔོན་དང་རང་སྲོག་ཤོར་བའི་དཔའ་ རྒོད་རྣམས་ལ་རྗེས་དྲན་གྱི་ཚུལ་གྱིས་ལག་ཏུ་ཤིང་དབྱུག་རེ་བཟུང་ནས་སྔོན་གྱི་ དམག་འཁྲུག་གི་གོ་རིམ་ཆ་ཚང་བ་ཞིག་རྩེད་རིགས་ཀྱི་རྣམ་པའི་ཚུལ་གྱིས་རྩེ་བ་དེ་ ནས་རེབ་གོང་དམག་རྩེད་གླུ་རོལ་གྱི་རྣམ་པ་ཐོག་མར་བྱུང་བར་སྙམ་སྟེ། སྡེ་འདིའི་གཞི་བདག་རྟེན་སའི་ལྷ་ཁང་ལ“རུ་དམག་དང་པོ”ཞེས་སྐབས་དེའི་དམག་སྒར་ དང་འབྲེལ་བའི་མིང་བརྡ་དག་དུས་ད་ལྟའི་བར་དུ་རྒྱུན་འབྱམས་སུ་སོང་ཡོད་པ་འདིས་ མཚོན་ཐུབ།
དམག་རྩེད་གླུ་རོལ་གྱི་ཆོ་གའི་བརྒྱུད་རིམ། ལབ་ཙེ་བསྟོད་པ། ཧོར་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་དེར་སྡེ་བ་འདིའི་ཕོ་མོ་རྒན་གཞོན་ཚང་མས་མདའ་ གྲི་མདུང་གསུམ་གྱི་མདའ་ཤིང་དང་དར་གོས་སྣ་ཚོགས། ཤུག་པ་དང་བསང་རྩི་སོགས་ཁྱེར་ཡོང་ནས་བསང་མཆོད་རྒྱ་ཆེན་པོ་ཞིག་བྱས་ཏེ་ལབ་ཙེ་ བསྟོད་པ་དང་། ལབ་ཙེ་ཐང་དུ་ཇ་ཆང་ལ་རོལ་བའི་གསོལ་སྟོན་ཆུང་ཆུང་ཞིག་བཤམས་ནས་གླུ་ལེན་གར་ རྩེད་བྱེད་པ་ཡིན། ཆོ་ག་འདི་ནི་དམག་རྩེད་གླུ་རོལ་གྱི་སྔོན་འགྲོ་ཙམ་ཡིན་ལ། ཉིན་དེར་ལྷ་བས་ཤིང་མོ་བཏབ་ནས་རྩིས་བརྒྱབ་པ་བཞིན་དུ་གླུ་རོལ་སྐབས་ཀྱི་མཛོད་ གཉེར་བ་དང་མགྲོན་གཉེར་བ། ཁ་འགོ་བ་སོགས་ཆ་ཚང་བར་བཀོད་སྒྲིག་བྱེད་ཅིང་། མཛོད་གཉེར་བས་ཉིན་དེ་ནས་བཟུང་དམག་དཔོན་ཁང་དུ་བསྡད་ནས་ཉིན་རེར་ཇ་ཐུན་གསུམ་ལ་ བསང་མཆོད་བྱས་ཏེ་གླུ་རོལ་གྱི་དུས་ཆེན་ཐོན་རག་བར་དུ་རྒྱུན་འཁྱོངས་བྱེད་དགོས་ པ་མ་ཟད། སྡེ་བའི་ཁྱིམ་ཚང་རེ་རེ་ནས་འབྲུ་རིགས་དང་ཟ་སྣུམ་སོགས་བསྡུས་ཏེ་མཛོད་དུ་ཉར་ ནས་གླུ་རོལ་ལ་གྲ་སྒྲིག་བྱེད་དགོས་པ་ཡིན། བཤད་རྒྱུན་དུ་ཉིན་འདི་ནི་བོད་བཙན་པོའི་དུས་སྐབས་སུ་ས་མཚམས་ནས་དམག་འཁྲུག་མི་ བྱེད་པར་དམ་བཅས་ནས་མཚོན་ཆ་བསྡུས་པའི་ཉིན་མོ་ཡིན་པར་བཤད་ལ། གནའ་རབས་ཀྱི་བག་ཆགས་དེའི་དབང་གིས་དེང་སང་ཡང་མེ་མདའ་དང་མདེའུ། གྲི་རིང་ཐུང་སོགས་དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་ལབ་ཙེ་འོག་ཏུ་གཏེར་སྦས་བྱེད་ པའི་སྲོལ་ཡོད།
དམག་རྩེད་ཀྱི་ཆོ་ག སྤྱིར་ན“སྒོ་དམར”དང་“རྐ་གསར”སྡེ་གཉིས་ཀྱི་གླུ་རོལ་ནི་ཡུལ་འདིའི་དཔེ་མཚོན་ རང་བཞིན་གྱི་དམག་རྩེད་ཡིན་ལ། སྡེ་གཉིས་ཀྱི་སྐྱེས་པ་རྣམས་མཉམ་སྡེབ་ཀྱི་རྩེ་བ་ཡིན་པས་གླུ་རོལ་རྩེད་རིགས་ ཀྱི་ཆོ་གའི་བརྒྱུད་རིམ་ཚང་མ་གཅིག་འདྲ་ཡིན། དེ་ཡང་ཧོར་ཟླ་༦པའི་ཚེས་༢༢ཉིན་གྱི་ཕྱི་དྲོར་རྐ་གསར་སྡེ་བིའ་དམག་རྩེད་པ་རྣམས་ ཀྱིས་གྱོན་པ་ཆ་འགྲིག་དང་རྩེད་ཆས་ཆ་ཚང་བར་བྱས་ཏེ་སྒོ་དམར་སྡེ་བར་ཐོན་དགོས་པ་ དང་། དེའི་ཕྱི་ཉིན་སྒོ་དམར་སྡེ་བའི་གླུ་རོལ་ཆེན་མོ་ཡིན་པས་སྡེ་གཉིས་ཀྱིས་བསང་ མཆོད་རྒྱ་ཆེན་པོ་ཞིག་བྱས་ཏེ་གླུ་རོལ་རྩེ་མོའི་འགོ་བརྩམ་ས་པ་ཡིན། དམག་རྩེད་ཆོ་གའི་བརྒྱུད་རིམ་ཁྲོད་དུ་མཐའ་མཚམས་སུ་དམག་འདྲེན་པ་དང་། གཡུལ་སར་དམག་འཁྲུག་བྱེད་པ། དམག་སྒར་དུ་དམག་རྩལ་སྦྱང་བ། ཕན་ཚུན་འདུམ་འགྲིག་བྱེད་པ་སོགས་དམག་འཁྲུག་གི་གོ་རིམ་ཆ་ཚང་བ་ཞིག་ཡོད་ཅིང་། ཐོག་མར་རྐ་གསར་སྡེ་བའི་རྩེད་མོ་བ་རྣམས་ཀྱིས་རྒན་གཞོན་གྱི་གོ་རིམ་ཡོད་པའི་ སྒོ་ནས་གྲལ་བསྒྲིགས་ཏེ་“མཐའ་མཚམས་སུ་དམག་འདྲེན་པ”ཞེས་དམག་དཔོན་ཁང་གི་ཐང་ ཆེན་དུ་བསྐོར་བ་རྒྱག་པ་དང་། དམག་དཔོན་གྱིས་“དགྲ་དཔོན་གྱི་མགོ་ཡིན”ཞེས་ཤིང་གིས་བཟོས་པའི་མི་མགོ་ཁྲོ་བོ་ ཞིག་ལག་ཏུ་བཟུང་ནས་དམག་རྩེད་པ་རྣམས་ཀྱི་མགོ་ཁྲིད་པ་ཡིན། མཚམས་རེར་དམག་དཔུང་གིས་རི་ཆུ་ལུང་གསུམ་བརྒྱུད་པའི་རྣམ་པ་བསྟན་ནས་གཡུ་འབྲུག་ གི་འཁྱུག་རིས་བཞིན་དུ་བཤར་ནས་འགྲོ་བ་དང་། མཚམས་རེར་དམག་དཔུང་ཁག་བགོས་ནས་དཔུང་སྐྱོད་བྱེད་པ་ཡིན་ཞེས་སྐོར་གཉིས་སུ་ བགོས་ནས་རང་རང་སར་བསྐོར་བ་བྱེད་པ་རེད། དེའི་རྗེས“མཐའ་མཚམས་སུ་དམག་འཁྲུག་བྱེད་པ”ཞེས་དམག་དཔོན་གྱི་བཀོད་སྒྲིག་ལྟར་ ཁག་གཉིས་སུ་བགོས་ཏེ་ཕྱོགས་གཉིས་སུ་ཕྲེང་བསྒྲིགས་ནས་ཁ་གཏད་དུ་ལངས་ཤིང་། དམག་སྤྱི་ཆེན་པོས་འཁར་རྔའི་བརྡ་བརྒྱབ་མ་ཐག་དམག་རྩེད་པ་རྣམས་ཀྱིས“ཀི་ཀི་ བསྭོ་བསྭོ”ཞེས་པའི་ང་རོའི་ཁྲོད་ལག་གི་དབྱུག་པ་འཕྱར་ནས་ཁ་གཏད་ཀྱི་མི་དར་འཐབ་ པའི་ཚུལ་གྱིས་རྩེ། དེ་ནས་ཡང་དམག་དཔུང་རང་རང་སར་ཕྱིར་འཐེན་གྱིས་བསྐོར་བ་རྒྱག་དགོས། དེ་ལྟར་དམག་འཁྲུག་ཐེངས་གསུམ་གྱི་རྗེས་སུ་དམག་རྣམས་ཕྱིར་འཐེན་གྱིས་ཕྱོགས་ གཅིག་ཏུ་གྲལ་བསྒྲིགས་པ་དང་། དམག་རྩེད་པ་དྲུག་རེ་དྲུག་རེ་བྱས་ཏེ་འཁར་རྔའི་སྒྲ་དང་བསྟུན་ནས་ལག་གི་དབྱུག་ པ་མགོ་ནས་བསྐོར་བ་དང་། ཕྲག་ནས་བསྐོར་བ། སྐེད་ནས་བསྐོར་བ་སོགས་ལག་པའི་གཡུག་སྟངས་དང་རྐང་པའི་སྟངས་སྟབས་མཉམ་པའི་སྒོ་ ནས་དམག་རྩེད་པ་ཚང་མས་རེས་རྫོགས་པར་བྱེད་པ་ནི་མཐའ་མཚམས་ནས་དམག་ཕྱིར་འཐེན་ གྱི་གོ་སྐབས་དང་བསྟུན་ནས་དམག་སྒར་དུ་དམག་སྦྱང་བྱེད་པའི་རྣམ་པ་ཡིན་པར་བཤད། དེ་ལྟར་གླུ་རོལ་ཆེན་མོའི་ཉིན་དེར་སྡེ་གཉིས་ཀྱི་དམག་རྩེད་པ་རྣམས་གླུ་རོལ་ཚར་ གཉིས་རེ་རྩེ་རྗེས། དམག་དཔོན་ཁང་དང་ཐག་མི་རིང་བའི་སར་ལྷ་བསང་རྒྱ་ཆེན་པོ་ཕུད་ནས་གླུད་རྟ་བསྲེགས་ པ་ཡིན། དེའང་གནའ་རབས་དམག་འཁྲུག་གི་སྐབས་སུ་དམག་མཚམས་བཞག་ནས་འདུམ་འགྲིག་གི་ཆོ་ག་ སྤེལ་བའི་རྣམ་པ་ཡིན་ཏེ། “གླུད་ནི་དངོས་པོ་ག་གེ་མོ་ཞིག་ཏུ་བརྩིས་ནས་དེ་རིན་ཐང་དེ་རང་དང་མཉམ་པའི་ དངོས་པོ་གཞན་ཞིག་དང་བརྗེ་རུང་བར་འདོད”ཅེས་པ་བཞིན་སྐབས་འདིའི་“གླུད་རྟ”ཞེས་ པ་ཡང་ཤོག་དཀར་སྟེང་དུ་རི་དྭགས་སྣ་ཚོགས་དང་ཟས་རིགས་སྣ་ཚོགས་དཔར་ཡོད་པ་ཞིག་ ཡིན་ལ། བོད་བཙན་པོའི་དུས་སྐབས་སུ་ས་མཚམས་ནས་འདུམ་འགྲིག་གི་ཆོ་ག་སྤེལ་དུས་སྐབས་སུ་ ས་མཚམས་ནས་འདུམ་འགྲིག་གི་ཆོ་ག་སྤེལ་དུས་ཕྱོགས་གཉིས་ཀྱིས་རྟ་ལུག་མང་པོ་དམར་ མཆོད་བྱེད་པ་དང་། རང་གི་མགོན་སྐྱབས་ཀྱི་སྲུང་མ་ལྷ་ཀླུ་གཉན་གསུམ་དཔང་དུ་གསོལ་ནས་མནའ་བསྐྱལ་ བའི་ལུགས་སྲོལ་དེ་ལས་བྱུང་བ་ཡིན་པར་གནའ་རབས་དམར་མཆོད་ཀྱི་སྲོག་ཆགས་མང་པོའི་ ཚབ་ཏུ་ཤོག་དཀར་སྟེང་སྲོག་ཆགས་ཀྱི་འདྲ་རིས་ཕབ་ནས་སྲེག་པ་འདིའི་མཚོན་པར་བྱས པར་སྙམ། ཉིན་དེར་གླུད་རྟ་བསྲེགས་ནས་གླུ་རོལ་གྱི་ཆོ་ག་ཚང་མ་མཇུག་རྫོགས་རྗེས་ཚང་མས་ ལག་གི་མཚོན་ཆ་བཅགས་ཏེ་དོར་དགོས་པ་དེའང་ཕྱིན་ཆད་དམག་འཁྲུག་མི་འབྱུང་བའི་ རྟེན་འབྲེལ་སྒྲིག་པར་བཤད་དོ།།
དམར་མཆོད་ཀྱི་ཆོ་ག སྡེ་བ་འདིར་མཚོན་ན་དམག་དཔོན་ཁང་གི་མདུན་དུ་དཀར་རྫས་དང་དམར་རྫས་མཆོད་སའི་ བསང་ཁྲི་གཉིས་ཡོད། དུས་རྒྱུན་དུ་དཀར་བསང་མཆོད་པ་ལས་དམར་མཆོད་མི་བྱེད་པ་ཡིན་མོད། གླུ་རོལ་ཆེན་མོའི་ཉིན་དེར་ངེས་པར་དུ་དམར་མཆོད་རྗེས་མཐུན་ཙམ་བྱེད་དགོས་པ་ ཡིན། ཉིན་དེའི་ཉིན་གུང་གི་དུས་སུ་སྡེ་བའི་རྒན་གཞོན་ཚང་མས་ཤུག་པ་དང་ཕྱེ་རྩི། ཇ་ཕུད་དང་ཆང་ཕུད་སོགས་ཁྱེར་འོངས་ནས་དམར་བསང་མཆོད་སའི་བསང་ཁྲིའི་སྟེང་བསང་ མཆོད་རྒྱ་ཆེན་པོ་བྱེད་ཅིང་། མར་རྩམ་ལས་བཟོས་པའི་ར་མ་ཞིག་བསང་དུ་མཆོད་ནས་“ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ ལོ་”ཞེས་རླུང་རྟ་གཏོར་བ་དང་། ཇ་ཕུད་ཆང་ཕུད་ཀྱིས་རང་གི་ཡུལ་ལྷ་གཞི་བདག་མཆོད་དེ་གནའ་བོའི་དམར་མཆོད་ཀྱི་ དཔེར་ཙམ་མཚོན་པར་བྱེད་པ་ཡིན། ལོ་བཅུའི་ཡར་སྔོན་དུ་གནའ་རབས་ཀྱི་སྲོལ་ལུགས་དེ་མ་ཉམས་པར་ལྷ་བས་ར་ལུག་བཅུ་ ལྷག་གི་གསོན་སྙིང་ཕྱིར་བཏོན་ནས་བསང་ཁར་མཆོད་པ་མ་ཟད། ལྷ་བ་རང་ཉིད་ཀྱང་ཐོད་པར་མཚོན་གཏར་བརྒྱབ་ནས་ཟུངས་ཁྲག་ཕྱོགས་བཞིར་མཆོད་དེ་རང་ གི་སྐྱེས་ལྷ་མཐུ་བོ་ཆེ་རྣམས་ལ་མགྲོན་བསུ་གཟབ་རྒྱས་ཀྱིས་དགྱེས་པར་བྱེད་པའི་ སྲོལ་ཡོད། དེ་ནི་གནའ་རབས་བོད་དམག་གིས་དམག་འཁྲུག་ལ་ཞུགས་སྐབས་སྲོག་ཆགས་མང་པོ་དམར་མཆོད་ བྱེད་པ་དང་། དེའི་ཁྲག་གདོང་ལ་བྱུགས་ནས་དཔའ་ངར་བསྐྱེད་པའི་སྲོལ་དེའི་ཤུལ་རྒྱུན་ཡིན་མོད། རིམ་གྱིས་དུས་ཡུན་རིང་བོའི་འགྱུར་བ་དང་བསྟུན་ནས་ཐུབ་བསྟན་ཆོས་ལུགས་ཀྱི་ དགོངས་སྙིང་དེ་སྲོག་མི་གཅོད་ཅིང་། གཞན་ལ་མི་འཚེ་བའི་བསམ་བློའི་ཤུགས་རྐྱེན་གྱིས་སྲོལ་རྒྱུན་གྱི་དམར་མཆོད་དེའི་ ཚབ་ཏུ་མར་དང་རྩམ་པས་བཟོས་པའི་ར་ལུག་མཆོད་པ་ཡིན་ནོ།།
ཀུ་རེའི་རྩེད་མཚར་གྱི་ཆོ་ག གླུ་རོལ་ཆེན་མོའི་ཉིན་དེར་སྡེ་གཉིས་ཀྱི་དམག་རྩེད་པ་རྣམས་གླུ་རོལ་ཆ་ཚང་བར་ རྩེ་ཚར་རྗེས། ལོ་རེའི་གཏེན་འཁེལ་བཞིན་རང་སྡེ་བའི་དམག་རྩེད་པ་བཅུ་ལྷག་གིས་ལག་ཏུ་ལྕང་ལྕུག་ རེ་བཟུང་བ་དང་། འཁར་རྔའི་སྒྲ་དང་བསྟུན་ནས་ནགས་འཐུ་བར་འགྲོ་བའི་རྩེད་མོ་ཞིག་རྩེ་བ་ཡིན། རྩེད་མོ་བ་དེ་དག་ལས་ལ་ལ་ཞིག་མོ་ཆས་གྱོན་ནས་སྦྲུམ་མའི་ཚུལ་དུ་སྤྲོས་ཡོད་ལ་ ཤིང་ནགས་འཐུ་བར་ལམ་ཐག་རིང་བོ་འགྲིམས་པས་ངལ་དུབ་དང་སྐྱོ་སྡུག་གིས་མ་གཟོད་པར་ སྡུག་ཡུས་བརྗོད་པ་དེར། ཕོ་སྐྱེས་རྣམས་ཀྱིས་དེ་ནི་སྐྱེས་པ་སྔོན་མའི་ལས་དབང་དང་འཇིག་རྟེན་འཁོར་བའི་ ཆོས་ཉིད་ཡིན་པས་སྡུག་བསྔལ་མཐའ་དག་གཟོད་པར་འོས་པ་སོགས་བཤད་ཅིང་། “སྦྲུམ་མ”ཆོས་སྐྱེས་པའི་སྒྱིད་ལུག་གི་རྣམ་པ་དང་། ཤོ་རྩེད་རྒྱལ་འཇོག་གི་ཉེས་དམིགས་བརྗོད་དེ་ངན་མཚང་བརྟོལ་བའི་ཀུ་རེའི་རྩེད་ མཚར་གྱི་ཁྲོད་ནས་ཕོ་མཆོག་མོ་དམན་གྱི་ལྟ་བར་སུན་འབྱིན་བྱེད། ཡང་རྩེད་མོ་བ་རྣམས་ཀྱིས་ས་རྒོད་བསློགས་ནས་ཞིང་འདེབས་པའི་ངང་ཚུལ་ལས་ཕ་རྒན་ གྱིས་ཁྱིམ་གྱི་སྤུན་གཉིས་ལ་ས་ཞིང་མཉམ་བགོ་བྱེད་པའི་བརྒྱུད་རིམ་ཁྲོད་ཞིང ཁའི་ཆེ་ཆུང་བརྩད་ནས་བཟའ་འཁོན་བྱེད་པ། རྨོ་འདེབས་ཀྱི་དུས་སུ་གླང་རྒོད་དོར་དུ་འདེབས་པར་གཡུང་དུ་ཕབ་མ་ཐུབ་པའི་རྣམ་ པ་བསྟན་པ། ད་དུང་སྡེ་བའི་དཔོན་པོ་དང་ཚོ་དཔོན་རྣམས་ལ་ཁ་མིང་རྣ་མིང་བཏགས་ནས་སྔར་བྱུང་ ནོར་འཁྲུལ་གྱི་བྱ་བར་ཟུར་ཟ་དང་འཕྱ་སྨོད་བྱེད་པ་སོགས་ཀྱིས་ལྟད་མོ་བ་རྣམས་ལ་ མིག་ཆུ་ཤོར་བའི་དགོད་ཁ་སློང་བ་ཡིན་ལ། ཉིན་དེར་མི་རྣམས་ལ་དགའ་སྤྲོའི་འདུ་འཛི་ཅི་ཙམ་རྒྱས་ན་གཞི་བདག་ལྷ་ཀླུ་ཀུན་ གྱིས་ཐུགས་དགྱེས་ནས་མི་ལ་མགོན་སྐྱོབ་བླ་ལྷག་ཏུ་གནང་བར་བཤད་དོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,