བཞི་བ་མ་ཎི་དང་སྨྱུང་གནས་དུས་ཆེན།

རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།

དེ་ཡང་སྒོ་དམར་སྒར་གྲོང་ལ་མཚོན་ན་ལོ་གཅིག་ལ་དམིགས་བསལ་གྱི་དུས་ཆེན་རེ་གཉིས་མཆིས་པ་ལ། བཞི་བ་མ་ཎི་དང་སྨྱུང་གནས་དུས་ཆེན་ནི། དུས་ཆེན་གལ་ཆེན་ཞིག་ཡིན། དུས་ཆེན་འདི་སྒོ་དམར་དུ་འཛུགས་མཁན་ནི། སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོ་ཚང་ཡིན་ལ། ཁོང་གིས་སྐུ་ན་ཕྲ་དུས་སྒོ་དམར་གྱི་གྲམ་པ་ནང་དུ་ཆུ་མིག་ལ་ཕེབས་སྐབས་སྒོ་དམར་གྱི་ཨ་ཁུ་དགེ་ལོག་ཟེར་བ་དེས་དུས་ལྟར་གསོལ་བཞེས་དྲངས་ནས་སྦྱིན་བདག་གཙོ་བོར་གྱུར་ཅིང་།ཕྱིས་སུ་ཁྱིམ་དུ་གདན་དྲངས་ཏེ་ཇ་བཞེས་སོགས་རྒྱུན་པར་བྱུང་བས་སྦྱིན་བདག་གི་མཐིལ་དུ་སོང་།
ཨ་མྱེས་དགེ་ལོག་གི་མིང་ལ་དགེ་ལེགས་ཞེས་བཤད་ཟེར། ཨ་མྱེས་དགེ་ལོག་ཤི་ཁར་སྐུ་གཞོགས་ཨ་རོལ་ཚང་སྔས་མགོ་བླ་མར་ཞུས་པ་ལ། ཨ་ཁུ་དགེ་ལོག་གིས་སྐུ་གཞོགས་ཚང་ལ་ཁྱོད་མ་ཕེབས་ཀྱི་བར་དུ་ང་བསྲན་ཚུགས་ནས་བསྡད་པ་ཡིན། ད་སེམས་བདེ་སོང་ཞེས་ཁང་ཐོག་ནས་འོག་མར་ཡོང་མ་ཐག་དབུགས་ཆད་པར་གྲགས། དེ་སྔོན་ཨ་མྱེས་དགེ་ལོག་གི་རེ་བ་ལྟར་སྤྱི་ལོ་༡༨༥༨ལོར་སྒོ་དམར་དུ་བཞི་བ་མ་ཎི་དང་སྨྱུང་གནས་དུས་ཆེན་བཙུགས་པར་གསལ་ཏེ། ༼སྐུ་ཕྱོགས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽་ལས། སྟོན་སྒོ་དམར་དགོན་པ་དགའ་ལྡན་ཕུན་ཚོགས་གླིང་དུ་བྱོན། ཨ་ཁུ་དགེ་ལོག་ཟེར་བའི་ཡོན་བདག་དད་ལྡན་དེས་གསོལ་བ་བཏབ་པ་བཞིན་སེར་སྐྱ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་དང་བཅས་པ། སྤྱན་རས་གཟིགས་ཕྱག་བཞི་བ། སེམས་ཉིད་ངལ་གསོ། སེང་གདོང་གཙོ་འཁོར་གསུམ་པ་རྣམས་ཀྱི་རྗེས་གནང་བཅས་བསྩལ། ཞེས་པ་ནས། སྒར་གྲོང་གཉིས་ཀྱིས་མ་འགྱངས་པར་མ་ཎི་དུང་ཕྱུར་གཉིས་བསྒྲུབ་རྒྱུ། གྲོང་གི་ཁྱིམ་པ་རྣམས་ཀྱིས་ལོ་ལྟར་ས་དགའ་ཟླའི་ཡར་ཚེས་ལ་ཉིན་ལྔའི་རིང་མ་ཎི་འུར་འདོན། བཞི་བ་དང་ལྔ་མཆོད་སྐབས་སྨྱུང་གནས་ཉིས་བརྒྱ་རེ་འགྲོ་ངེས་ཀྱི་རྒྱུན་ཆགས་སུ་འཛུགས་རྒྱུའི་ཁས་ལེན་བྱས། དེ་དོན་ལྟར་ཕྱིས་སུ་དགེ་རྒྱུན་མ་ཉམས་པར་བསྐྱངས་པས་འགྲོ་ཕན་རླབས་ཆེན་བྱུང་བ་ལ་དགྱེས་ཚོར་དཔེ་མེད་མཛད། འདི་ཀའི་སེར་སྐྱ་རྣམས་རྗེ་ཉིད་བྱ་བཏང་དཀྱུས་མའི་དུས་ནས་བཟུང་དད་ཞེན་ལྷག་པར་ཆེ་ཞིང་སྦྱིན་བདག་གི་གཙོ་བོར་གྱུར་བས། ཞལ་ནས་ཀྱང་། སྒོ་དམར་རུ་མགོན་འདི་གཉིས་ཁོ་བོ་ལ་འགྱུར་མེད་ཀྱི་དད་གུས་དྲག་པོས་མཐུན་རྐྱེན་གང་དགོས་སྦྱར་བ་སོགས་དྲིན་ཤིན་ཏུ་ཆེ་བ་ཡིན་ཞེས་ཡང་ཡང་གསུངས། ཞེས་གསུངས་ཡོད་ཅིང་། གོང་དུ་འཁོད་པའི་ཨ་ཁུ་དགེ་ལོག་ཅེས་པ་དེ་ནི་དེང་སང་བཤད་ན་འཇམ་དབྱངས་གྲགས་པ་ཚང་གི་ཁྱིམ་རྒྱུད་ནས་ཡིན་པར་བཤད་དོ།།
སྒོ་དམར་གྱི་སྨྱུང་གནས་དུས་ཆེན་ཡང་ཨ་རོལ་རིན་པོ་ཆེས་བཙུགས་པ་ཡིན་པས་དེའི་འདོན་ཆོག་སྨྱུང་གནས་ཆོ་ག་ཡང་ཁོང་གིས་མཛད་དེ། སྡེ་འདི་ཀའི་འདོན་ཆོག་ཏུ་གྱུར། ལྷ་བཟོ་བློ་གྲོས་ལ་ཐུགས་རྗེ་ཆེན་པོ་འཕགས་པ་ཕྱོགས་བཅུའི་ལྡེབས་རིས་བཞེངས་སུ་བཅུག ཕྱིས་སུ་སྒོ་དམར་དུ་ཐུགས་རྗེ་ཆེན་པོ་འཕགས་པ་ཕྱོགས་བཅུའི་ཐང་ག་ཉམས་པ་ལ། གཡེར་གཤོང་མཁན་པོ་ནོ་མོན་ཧན་ཚང་གིས་སྒོ་དམར་ཨ་ཁུ་རྡོ་རྗེ་རྒྱལ་ཞེས་མཁས་པ་ཆེན་པོ་དེ་ལ་བཤད་དེ་ཐུགས་རྗེ་ཆེན་པོ་འཕགས་པ་ཕྱོགས་བཅུའི་ལྡེབས་རིས་ཤིག་རང་ཁྱིམ་དུ་བཞེངས་སུ་བཅུག། དེ་དག་ལ་རྐྱེན་བྱས་ཏེ། ཉེ་ཆར་ཡང་སྒོ་དམར་ལྷ་བཟོ་བཀྲ་ཤིས་ཀྱང་རང་ཁྱིམ་གྱི་མཆོད་ཁང་གི་གནམ་རྒྱན་སྟེང་ཐུགས་རྗེ་ཆེན་པོ་འཕགས་པ་ཕྱོགས་བཅུ་བཞེངས་པ་དང་། ཨ་ཁུ་ངག་དབང་ཚང་གི་ཁྱིམ་གྱི་མཆོད་ཁང་དུའང་སྔོན་ལྟར་ཐུགས་རྗེ་ཆེན་པོ་འཕགས་པ་ཕྱོགས་བཅུའི་གྱན་ཐང་བཞེངས་པ་དང་། གཞན་དཀྱིལ་འཁོར་མཁས་པ་ཨ་ཁུ་འཇམ་དབྱངས་ཀྱིས་ཀྱང་ཐུགས་རྗེ་ཆེན་པོ་འཕགས་པ་ཕྱོགས་བཅུའི་ཐང་ག་བཞེངས་ནས་པེ་ཅིན་གྱི་རྒྱལ་ཚོང་ཁང་ཐོག་ཆེན་མོའི་རྒྱལ་སྤྱིའི་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་བཤམས་སྟོན་བྱས་པས། ཚང་མས་དགའ་བསུ་དཔེ་མེད་ཐོབ་སྟེ། ལ་ལས་ཐང་ག་དེ་དག་བལྟས་རྗེས་རང་དབང་མེད་པར་མིག་ནས་མཆི་མ་ལྷུང་དགོས་བྱུང་ཞེས་ཀྱང་ཐོས་སོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,