རྩོམ་པ་པོ།…..བློ་གྲོས་སྣང་བ།
ལྔ་བརྒྱད་ལོ་ལ་བཀྲེས་ལྟོགས་སྐོམ་པས་མནར།།
དྲུག་ཅུ་ལོ་ཟླ་གཞུང་གི་ལས་ཀས་ངལ།།
དུས་ཀྱི་ལམ་ན་སྡུག་བསྔལ་ཁུར་བོ་ཞིག།
ཕྲག་པའི་གོང་ནས་ཕབ་པའི་དུས་མ་བྱུང་།།
ལ་ལུང་ཞིང་ཁ་རྔུལ་ཆུ་ཐིགས་པས་བརླན།།
དགུན་འཁྱག་གྲང་རླུང་ལྷམ་གྱི་མཐིལ་ནས་ལྡང་།།
གནམ་ལོ་གསར་བའི་ཤོག་སྦག་དགོད་སྒྲའི་ཁྲོད།།
རྒྱབ་གྱི་སླེ་བོས་འཕྱ་ཚིག་གྲངས་མེད་གཏོར།།
ཉིན་མོར་ཞིང་ལས་ལས་ཀས་སུག་མི་དལ།།
མཚན་དུས་གོས་ལྭར་ལྷན་པ་རྒྱག་པ་སོགས།།
ཉིན་མཚན་ཁོར་མོ་ཡུག་གི་སྡུག་བསྔལ་འདིས།།
གདོང་གི་མིག་ཆུའི་ཡུར་བ་ཇེ་ཆེར་བཏང་།།
སྡུག་བསྔལ་གཞི་མའི་ཁོར་ཡུག་གསར་བའི་ཁྲོད།།
སྣ་ཚོགས་ལས་ཀྱི་བྱིས་པ་སྙིང་དུ་སྡུག།
གཉོམ་ལག་མ་རྒྱས་རྗེས་ཤུལ་རེ་རེ་ན།།
དུངས་ཞེན་སེམས་ཀྱི་ཀུན་རྟོག་རི་མོར་བཀྲ།།
བྱམས་སྐྱོང་ཕྱག་ཟུང་འཚར་ལོངས་གོམ་པར་རེ།།
སྔ་ལངས་འཕྱི་ཉལ་ཟས་གོས་འཚོལ་ཆེད་འདུར།།
ཁ་ལུད་སྣ་ལུད་ཁ་ལག་འཇམ་པོས་ཕྱིས།།
བརྩེ་སེམས་དྲོན་མོ་བདེ་ཐང་འཚོ་བར་བཅོལ།།
ཕྱག་ཟུང་དམ་སྦྲེལ་སློབ་གྲྭའི་སྒོ་ཐེམ་སྤོས།།
དབྱངས་གསལ་སོ་བཞིས་ཨ་ཕའི་འཛུམ་མདངས་བསུ།།
རེ་བའི་མིག་ཟུང་དགེན་གྱི་ཐུགས་ལ་གཏད།།
སློབ་ཡོན་ཙག་ཙིག་རྐང་ལག་སེར་གས་བསུབས།།
ལོ་ངོ་ཟླ་མཐུད་ལ་ཁའི་ཉི་མས་འཕྱ།།
རྒས་གཉེར་སྐྱི་རིས་གདོང་གི་པགས་པར་འཁྲི།།
སྐྲ་ལོ་ཐ་ཐོར་དགུན་གྱི་བ་མོས་ཟོས།།
སྒུར་སྒུར་གཉའ་ཤིང་སྐེ་རྐང་ཚིགས་རེར་ཟུག།
ཨ་ཧོ་ཕ་མ་ད་ལྟ་འཚོ་བཞུགས་སྐབས།།
དྲིན་ལན་གསབ་ན་གསབ་རན་འདི་ན་གདའ།།
སེམས་ཀྱི་ཞིང་སར་དྲོད་ཁོལ་ཉིན་བྱེད་འོད།།
བཏབ་འདོད་བཀུར་སྟི་ཞབས་ཏོག་སྒྲུབ་ལ་རེམས།།
2011ལོའི་9བའི་19ཉིན་གྱི་དགོང་མོ་དྲིན་ཆེན་ཕ་མ་དྲན་ཞོར་དུ་བྲིས་པ་འདིས་གཞན་ཀྱང་ལེགས་ལམ་དུ་དཀྲི་བར་ཤོག།