ཟུར་བསྟེན་དགའ་མ་བདེ་སྦྱིན་མ།

རྩོམ་པ་པོ། བློ་གྲོས་སྣང་བ།
མི་ཚེ་འདིལྟར་རོལ་བ་ཁྱོད་ཀྱི་ལས།།
ལས་འདི་ཤེས་བཞིན་དགའ་བ་ང་ཡི་གཤིས།།
བདེ་སྡུག་དགའ་སྐྱིད་འཚོ་བའི་གྲུ་ཟུར་ནས།།
ཁྱོད་དང་ང་ཡི་བརྩེ་བ་ལྷག་མར་ལུས།།

སྤྱད་ན་ཚིམ་མེད་རོལ་བ་ང་ཡི་འདོད།།
འདོད་ཐོག་རྒྱུན་པར་མི་འཇོག་ཁྱོད་ཀྱི་དབང་།།
ཉིན་མཚན་དུས་ཀྱི་ཁོམ་པའི་བར་གསེང་ནས།།
དྲན་ནས་འདུག་ཁོམ་མེད་པ་ཁ་པར་རེད།།

བརྗེད་མེད་སེམས་ན་གནས་ཞེས་ཁྱོད་ཀྱིས་ལབ།།
ཁྱོད་ལ་ཁག་ཅིག་མེད་པ་ང་ཡིས་ཤེས།།
ང་དང་བཟའ་ཟླའི་བར་ན་ལྟ་བ་རེ།།
ཟ་ཟུར་བར་ནས་ཁྱོད་ལ་རིག་རིག་བལྟ།།

འོན་ཀྱང་ཁྱོད་ལ་མིག་ཆུ་ཁྱོར་བ་གང་།།
རེད་མོད་ང་ལ་འདོད་པ་ཚིམ་མེད་ཤིག།།
ཁྱོད་ལ་འཕྲད་པའི་ཉིན་མོ་དེ་ནས་བཟུང་།།
བསྲན་དུ་མི་བཟོད་ཆགས་པའི་གདུང་ཤུགས་གདུ།།

ཁྱོད་ལ་མཚོན་ན་ཁྱོད་ལ་བདེན་ཤུགས་ཆེ།།
ང་རང་ས་ན་ཤེས་དོགས་གསང་བ་རེ།།
འུ་གཉིས་བར་གྱི་ཟྭ་དང་ལྡེ་མིག་དེ།།
བར་ཆད་ཆར་གྱི་བཙའ་ཡིས་མི་ཟ་གྲང་།།

ལ་ལས་སྲིན་མོས་འདོད་པ་བསླངས་སོང་སྐད།།
ཁ་ཤས་བདེ་བའི་ཡང་རྩེ་འདི་ཡིན་བརྗོད།།
གང་ལྟར་དོར་ན་མི་ཐུབ་བདེ་བ་འདི།།
ང་ལ་མཚོན་ན་འཇིག་རྟེན་སྣང་བ་རེད།།

གཞན་གྱི་མིག་ལ་འུ་གཉིས་མི་མཛའ་མོད།།
ང་ཡི་མིག་ནང་ཁྱོད་ལས་ལྷག་མེད་པས།།
མཛའ་དང་མི་མཛའ་ང་ཡི་འདོད་པ་འདིས།།
བདེན་དཔང་ར་སྤྲོད་ཐུབ་པ་ཁྱོད་ལ་གསལ།།

ཁོ་བོའི་མི་ཚེ་ཁོ་ལག་ཆ་ཡ་གཅིག།།
ཁྱོད་ཀྱི་རུམ་ནས་ཡུན་གྱིས་རྫོགས་ཀྱིན་ཡོད།།
ལྕེ་འདབ་ལྕིད་ཀྱིས་འཁྱུད་པའི་སྒྱུ་རྩལ་འདིས།།
ཡིད་དབང་གཏིང་ནས་བརྒྱལ་བའི་དགེ་བ་ཡོད།།

མྱོས་བུམ་ལྷུག་ལྷུག་སྒྲོལ་བའི་བརྩེ་ཞགས་མ།།
མ་ཤེས་ཁུལ་གྱིས་མཆུ་སྒྲོས་གླན་པ་མ།།
མ་བསམ་ས་ནས་ཆགས་སྲེད་སྤར་མོ་གང་།།
བདེ་བའི་ཞིང་ཁམས་འདི་ནས་རོལ་ཆོག་ཨང་།།

ང་ཡི་སེམས་པ་ཁྱོད་ཀྱི་གྲིབ་མར་འགྲོགས།།
ཁྱེད་ཀྱི་མི་ཚེ་ང་ཡི་ལས་འཕྲོར་ལུས།།
སྙིང་གཏམ་དྲོན་མོ་མིད་པའི་འཕྲང་ན་བལྟར།།
འཁྲེང་སེམས་དམར་པོ་ཡ་ཆུང་ཁོག་ན་འཕྱོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,