ཟླ་གསུམ་པའི་ཚེས་བཅུ།

རྩོམ་པ་པོ། ཏིང་འཛིན་སྐྱབས།

མཚན་གཞུང་དེར།
འབྱམས་ཀླས་པའི་མུན་ནག་གི་མཚན་
གཞུང་དེར།
ངའི་ཁེར་རྐྱང་གི་སྙིང་གཏམ། གློག་སྒྲོན་གྱི་འོག་ན།
དར་ལྕོགས་བཞིན། ན་ཟུག་གིས་འགྲེང་ཞིང་ན་ཟུག་གིས་བསྐྱོད།
མཚན་གཞུང་དེར།
ད་དུང་རབ་རིབ་ཀྱི་སེམས་པར་རབ་རིབ་ཀྱི་རྒྱབ་གཟུགས་ཤིག
བསིལ་ཆར་མེད་ལ། སྐྱོ་གདུང་ཡང་མེད་པའི་ལྷིང་འཇགས་ཀྱི་མཚན་གཞུང་དེར།
ངས་སེམས་ཁོང་ན་ལྷག་པའི་སེམས་གཏམ་གྱི་ཕུང་བོའི་ཚོགས་དེ།
ཞལ་པར་གྱི་སིལ་སྒྲ་དང་མཉམ་དུ་ཁྱོད་ལ་བརྗོད།
མཚན་གཞུང་དེར། གློག་སྒྲོན། ཆེས་སྙན་པའི་སྒྲ་དབྱངས་བཞིན་ངའི་ལུས་སྟེང་ན་ཁུ་སིམ་མེར།
མཚན་གཞུང་དེར། རེ་སྣང་དང་འདོད་འདུན་གྱི་སེམས་གཏམ་ཡོད་ཚད་ཁྱོད་ལ་བརྗོད་ཚར་དུས།
རང་ཉིད་ལ་སུས་ཀྱང་དཔག་དཀའ་བའི་དགའ་བ་ཚད་མེད་ཅིག་སྐྱེས།
ཐོབ་ཤོར་ལ་ལྕི་ཡང་ཤོར་བའི་ལོ་ཟླའི་བགྲོད་རིམ་གྱི་འཕྲང་ལམ་འདི་ན།
འུ་གཉིས་ལ་འཁྱགས་པས་མ་བཏབ་པའི་སྤོབས་པ་ཚད་མེད་ཅིག
དྲི་མས་མ་གོས་པའི་སེམས་གཏམ་དྭངས་མ་ཞིག
འདི་ལྟར་འབྱམས་ཀླས་པའི་མཚན་གཞུང་རིང་མོ་ཞལ་པར་ལས་འདའ་དུས།
ཁོ་བོར་ད་དུང་ཡིད་མ་ཚིམ་པའི་སྣང་བ་འཕར་མ་ཞིག
ཁྱོད་ལའང་ཡིད་མི་ཆེས་པའི་དོགས་སྣང་གསོན་པོ་ཞིག
དོན་ངོ་མ་དེ་ནི་སེམས་པ་དང་སེམས་པའི་ཁུགས་སོ་ན་རྒྱུ་བའི་སེམས་འདུན་དམར་པོ་ཞིག
དུངས་བ་དུངས་བའི་གཡབ་མོ་ལས་བྱུང་བའི་ཚོར་སྣང་ཟུར་གསུམ་ཞིག
ཡིན་ཡང་། ཁྱོད་ཀྱིས་ཡོད་ཚད་ལས་དབང་ལ་རེ་བཅོལ་བྱས་པ་ནས་བཟུང་།
ངས་ཀྱང་ལས་དབང་གི་བཀོད་སྒྲིག་ལ་རེ་སྒུག་མི་བྱེད་ག་མེད་བྱུང་།
དེ་རིང་ཁོ་བོས་ཁྱོད་ལ་ཡང་བསྐྱར་མཚན་གཞུང་དེ་དྲན་སྐུལ་བྱེད་བསམས་དུས།
ཁྱེད་ཀྱིས་དེ་ནི་ཟླ་གསུམ་པའི་ཚེས་བཅུ་རེད་ཟེར།
འདི་ནི་ཁྱེད་ཀྱི་དྲན་ངོགས་ན་ལྷག་པའི་དྲི་རྟགས་ཤིག་ཡིན་པ་གཞི་ནས་ཚོར།         



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,