འཆི་བར་སྒུག་པ།

རྩོམ་པ་པོ།….སྒོ་བུ་ཚེ་གྲུབ།
༡ བསམ་སྟངས་ཤིག་གིས
རྡོ་བའི་ཞེན་ཆགས་དང་ས་གཞིའི་སྨྲེང་སྐྱོ་གྲངས་མེད་ལས
ཚེ་སྲོག་དང་ཚེ་སྲོག་གི་རྨི་ལམ་འཁྲུངས་ཤིང
རྨི་ལམ་གྱི་གཤོག་ཟུང་སྨིན་པའི་དུས་ཚིགས་དེ་ནི
ངས་ཅིས་ཀྱང་ཁྱོད་ལ་བརྗོད་ངེས་པའི་ལོག་སྤྱོད་ཀྱི་གསང་བརྡ་རེ་རེ་ཡིན

མིག་གིས་འོད་ལ་རེ་ཞིང
འོད་ཟེར་གྱི་བྲང་གཞུང་ནས་མངོན་པའི་སེམས་ཚོར་དམར་པོ་དེ་དག
ད་གཟོད་བདག་གི་གོམ་ཁ་རྒྱང་རིང་ལ་བགྲོད་དགོས་པའི
ཕུགས་བསམ་གྱི་བློ་གཤོག་ཡིན་ལ
འདི་ནི་ཆོས་ཉིད་ཀྱིས་བསྩལ་ཟིན་པའི་བདེན་ལུགས་ཀྱི་ཨི་ཁུང་སྒོར་སྒོར་དེ་ཡིན
དུས་དེ་རིང ཉི་མ་ནི་མ་གཞི་ནས་རང་ཉིད་སྲེག་བྱེད་ཀྱི་མེ་དམར་པོ་དེ་ཡིན་པ་རྟོགས་ལ
རིགས་དྲུག་གི་དབུགས་རྒྱུན
བདེ་བ་དང་བདེ་བའི་ཁམས་ནས་ཡུན་རིང་བསགས་པའི
ཞེ་མེར་བའི་ཚེ་སྲོག་གི་གྱེས་བརྡ་གྲངས་མེད་ཡིན་པའང་ཧ་གོ་ངེས
རྡུལ་ཕྲན་གཅིག་སྟེང་གི་འཇིག་རྟེན་དང
འཇིག་རྟེན་དེའི་གྲུ་ཟུར་གང་རུང་ནས་མཆེད་པའི
གཡོ་བ་མེད་པའི་ངལ་རྩོལ་གྱི་རྩུབ་བརྡར་ཁྲོད
ང་ལ་མཁོ་བའི་རྨི་ལམ་གྱི་བདེན་པ་འཁྲུངས་ཤིང
བདེན་པའི་མེ་ལོང་ལས་མངོན་པའི་གནས་ལུགས་དག་གིས
ས་ཆེན་གྱི་རོལ་རྩེད་ནི་ཕ་མཐའ་བྲལ་བའི་ཆག་འཇིག་གི་རྡེའུ་དཀར་ནག་དེ་ཡིན་ལ
བདག་ལ་འོད་ཟེར་གྱི་མིག་དབང་ཐོབ་པའི་ཐོག་མའི་སྐད་སྒྲ་དང
སུ་ཞིག་གི་སྣང་ངོར་གྲིབ་གཟུགས་ཀྱི་བྱས་ཉེས་བབས་པའི་སྔ་ལྟས་ཀྱང་ཡིན་སྲིད
༢ འཆི་བའི་ས་བོན
དེ་རིང བདག་ལ་གར་ཡོང་ཆ་མེད་ཀྱི་མགྲོན་ཤོག་ཅིག་འབྱོར་བྱུང
རྡུལ་ཆགས་པའི་ཤོག་ལྷེ་རེ་རེ་ཕར་ལ་སློག་དུས
ཐིག་ཕྲེང་གོང་མའི་སྟེང་དུ་གཟབ་བྲིས་ཀྱི་ཡིག་འབྲུ་གཉིས་མཆིས་ཏེ
གཅིག་ནི་ཀ་ནས་བརྩམས་པའི་ལོ་རྒྱུས་ཀྱི་ཟློས་གར་དང
ཅིག་ཤོས་ནི་ཨ་ནས་བྲིས་པའི་མིང་བྱང་གསོན་པོ་དེ་དག་རེད
ལམ་བུ་འདིའི་གྲུ་ཟུར་གང་རུང་དུ
ང་ལས་ལྷག་པའི་བདེན་ལུགས་ཀྱི་ཐ་ཚིག་ཅིག་གམ
སུ་ལ་མཁོ་ངེས་ཀྱི་བློ་མིག་གི་སྙིང་སྟོབས་ཤིག་ཐོབ་བམ
དེ་བས ངས་མཇུག་མཐའི་འཆི་བ་ཞེས་པའི
གྱེས་གདུང་གི་མིང་བྱང་འདི་ལ་བསམ་གཞིག་ཡང་ཡང་བཏང
ལོ་རྒྱུས་ཀྱི་གཟེབ་ཏུ་ཚུད་པའི་ཀ་ཁའི་ཤུགས་གླུ
དེ་རིང་བདག་དང་བདག་གི་ཚེ་སྲོག་ནང་བཞིན
རོལ་དབྱངས་ཀྱི་བྲང་གཞུང་ན་རྩེན་པའི
སྨྲ་བརྗོད་བྲལ་བའི་དུངས་ཞེན་གྱི་བློ་གཤོག་ཡིན་པས
དུས་ཚོད་ཀྱི་བསགས་གྲངས་བར་ནས
བདག་གིས་བདག་ལ་མཁོ་བའི་བདེན་ལུགས་ལ་ཚེ་སྲོག་འབུལ་གྲབས་ཡོད
༣འཆི་བའི་རིན་ཐང
ངས་ཕ་མིང་བོར་བའི་བྱིས་པ་ཞིག་གི་སྐྱེ་བ་ལེན་མི་འདོད་ལ
ངས་རང་སེམས་ཀྱི་ནག་ཉེས་སྦ་གསང་དེ་བས་བྱ་མི་འདོད
ཆུ་ཁར་གཡེང་བའི་ལོ་མ་སེར་པོ་འདི་དག
དུས་ཚིགས་ཤིག་གི་འབྱུང་འགྱུར་ལ་རྒས་ཉམས་ཤོར་བའི་སྔ་ལྟས་ཡིན་སྲིད་ཀྱང
བདག་གིས་གྲང་འཁྱག་གི་འཇིག་སྐུལ་ལ་ཞེད་སྣང་ཤོར་ཞིང
རང་ཉིད་ཀྱི་གནས་མལ་ཙམ་ལ་ཡང་བདག་པོ་བྱ་མི་སྲིད
ཁྲུང་ཁྲུང་སྐེ་ནག་དེ་ཚོར་སློབ་སྦྱོང་བྱ་མི་འདོད
ང་ནི་བདེན་ལུགས་རྐྱང་རྐྱང་གི་ངོ་བོར་འཐིམས་པའི
གཤོག་ཡ་མེད་པའི་མཐོ་སྒང་གི་འཇོལ་མོ་ཁེར་འདུག་དེ་ཡིན་པས
དགའ་སྐྱོ་འབུམ་ལྡན་གྱི་དུས་ཚིགས་ཀྱི་འགྱུར་བག་ལ
ཤ་འདར་ཁོང་འདར་གྱི་ཞེད་སྣང་དགོས་དོན་མེད
སྐབས་འདིར འཆི་བ་ནི་བདེ་གྲོལ་ཁོ་ནར་སྙེག་པའི
ཆེས་མཛེས་སྡུག་གི་རྨི་ལམ་དངོས་ཤིག་ཡིན་པས
བདག་གིས རང་དབང་གི་རྨི་ལམ་འདིའི་སྒོ་གླེགས་རྡུང་ནས
བདག་གི་རི་ཆུ་ནགས་གསུམ་ལ་བདུད་རྩི་བཞིན་འབབ་པའི
ཟུངས་ཁྲག་གི་མཆོད་པ་འབུལ་འདོད
༤འཆི་བའི་མཇུག་བྱང
འགལ་འདུ་དང་འགྲན་རྩོད
ཕྱོགས་ཞེན་དང་རིགས་རུས
ཡལ་བ་མེད་པའི་སྙིང་སྟོབས
འདི་དག་གིས་བཞེངས་པའི་མཇུག་མཐའི་སྣེ་མོ་རུ
བདག་གི་བླ་སྲོག་བསྐྲུན་པའི་ཡབ་མེས་ཀྱི་རྒྱབ་དཔུང་མཆིས་པས
རིགས་དྲུག་གི་ཤ་ཁྲག་ལ་འཕུལ་བའི
འཆི་བའི་ལང་ཚོ་ཁྲི་ལོར་ཤོག
ཁྲི་ལོར་ནས་ཁྲི་ལོར་ཤོག
2012、10、4ཉིན་བྲིས།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,