རེབ་གོང་སྒྱུ་རྩལ།།

རྩོམ་པ་པོ།….ཚངས་དབང་དགེ་འདུན་བསྟན་པ།

དང་པོ། རེབ་གོང་ལྷ་རིས་སྒྱུ་རྩལ་བྱུང་ཚུལ་གྱི་ལོ་རྒྱུས་མདོར་བསྡུས།
དེ་ཡང་ཉེ་སྔོན་རེབ་གོང་ལྷ་རིས་སྒྱུ་རྩལ་བྱུང་ཚུལ་ཐད་མཁས་པ་རྣམས་ལ་ལྟ་ཚུལ་མི་མཐུན་པའི་གླེང་གཞི་དུ་མ་ཞིག་བྱུང་ཡོད་དེ། མཁས་པ་ལ་ལས་རབ་བྱུང་དང་པོའི་སྐབས་སུ་གཙང་ལསྟོད་ནས་བྱུང་བར་བཤད་པ་དང་། ཁ་ཅིག་གིས་དུས་རབས་བཅུ་བཞི་བའི་ནང་སྨན་ཐང་ལུགས་ནས་དར་བར་བཞེད་པ་སོགས་བཤད་ཚུལ་མང་ཡང་།

དོན་དངོས་སུ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་ཏུན་ཧོང་གི་རི་མོ་ཐུ་བྷོད་ལུགས་ནས་དར་བ་མངོན་གསལ་ཞིག་རེད། རྒྱུ་མཚན་ནི། ཏུན་ཧོང་གི་བོད་ལུགས་རི་མོའི་ན་བཟའ་གྱོན་སྟངས་དང་། སྔོ་ལྫང་གི་ཚོན་བཀོལ་བ་ཤས་ཆེ་བ། ཐིག་རྩ་བཅས་ནི་རེབ་གོང་ལྷ་རིས་དང་ཤིན་ཏུ་མཐུན་པ་ཞིག་རེད་ལ། དབུས་གཙང་ནས་དར་བའི་སྨན་མཁྱེན་ལུགས་དང་། ཀརྨ་ཀར་བྲིས་ལུགས་གང་ཡིན་ཡང་དེ་དག་གི་ཐིག་རྩ་་ལ་ལྟེ་བར་སོར་བཞི་བཞག་ཀྱང་། རེབ་གོང་གི་སྔོན་མའི་ལུགས་དང་ཏུན་ཧོང་གི་བོད་ལུགས་གཉིས་ལ་ལྟེ་བར་སོར་གཉིས་ལས་སོར་བཞི་མི་འབྲི་བ་འདིས་རེབ་གོང་གི་ལྷ་རྒྱུན་དང་ཏུན་ཧོང་གི་ལྷ་འབྲི་སྟངས་གཉིས་ཁུངས་རྒྱུད་གཅིག་པའི་བདེན་དཔང་བྱས་ཡོད། ཐུ་བྷོཏ་རྒྱལ་རབས་ཀྱི་ཏུན་ཧོང་གི་རི་མོ་པ་པད་དབྱངས་དང་། ཡེ་ཤེས་དབྱངས་ཀྱི་སློབ་མ་བཟོ་བོ་གསུམ་ནི་ཨ་མདོའི་རི་མོ་པ་ཞིག་ཡིན་པའི་བཤད་ཚུལ་མཆིས་ཀྱང་། ཡང་སྙིང་གང་ནས་ཡིན་པའི་ཁུངས་གསལ་གྱི་ཡིག་ཚང་རྣམ་དག་ཅིག་འཁོད་ཡོད་པ་མི་སྣང་མོད། འོན་ཏེ། ཉེ་ཆར་ཏུན་ཧོང་གི་ཡིག་ཚང་ཁག་ཅིག་ཏུ་རེབ་གོང་ཞེས་པའི་མིང་འདི་གཅིག་མིན་དུ་མར་བྱུང་བ་ལ་དཔགས་ནས་ལ་ལས་རེབ་གོང་གི་ཡིན་ནམ་སྙམ་པའི་ངོས་འཛིན་བྱས་ཡོད་པ་འདི་ལའང་རྒྱུ་མཚན་ངེས་ཅན་ཞིག་མཆིས། ཀྲང་ཏ་ཆན་གྱིས་ཤ་བོ་ཚེ་རིང་སོགས་རེབ་གོང་གི་ལྷ་བཟོ་ལྔ་ཏུན་ཧོང་དུ་གདན་དྲངས་པ་འདི་ཡང་ཕྱི་ནས་བལྟས་ན་སྟེས་དབང་གི་དོན་དག་ཅིག་ཡིན་ཁད་ཀྱི་སྣང་ཚུལ་མཆིས་ཀྱང་། དོན་དུ་ཀྲང་ཏ་ཆན་གྱིས་ཏུན་ཧོང་གི་རི་མོ་འབྲི་སྟངས་དང་། ཚོན་སྦྱོར་དང་། རེབ་གོང་གི་ལྷ་ཚུགས་དང་ཚོན་སྡེབ་བཅས་ལ་ཞིབ་འཇུག་གཏིང་ཟབ་བགྱིས་པའི་མཐར་དེ་གཉིས་ལ་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་རྟོགས་ནས་ད་གཟོད་རེབ་གོང་གི་ལྷ་བཟོ་རྣམས་གདན་དྲངས་པ་རེད། གོང་གི་གནས་ཚུལ་དེ་དག་ལ་གཞིགས་ན་རེབ་གོང་ལྷ་རིས་སྒྱུ་རྩལ་དར་བའི་དུས་ནི་དུས་རབས་བརྒྱད་པ་དང་དུས་རབས་དགུ་བའི་སྐབས་ཤིག་ལ་ཡིན་པར་གསལ། ཕྱིས་སུ་རེབ་གོང་གི་ལོ་རྒྱུས་ཐོག་མིང་དུ་གྲགས་པའི་ལྷ་བཟོ་རྣམས་ནི་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དང་། མགྲོན་ལུང་ལྷ་བཟོ། སྔགས་འཆང་འཇམ་དབྱངས་བློ་གྲོས། རྟིས་ཚང་མ་ཎི་པ་ཤེས་རབ་བཀྲ་ཤིས། སྤྲུལ་སྐུ་བསོད་ནམས་དར་རྒྱས། སྒ་རུ་པཎ་ཊི་ཏ་བློ་བཟང་ཤེས་རབ།གཉན་ཐོག་དཀའ་བཅུ། ལྷ་བཟོ་པཱ་ལི་བན། བིས་ཐང་དཔལ་ལྡན་ལྷ་རིས་པ། རྐ་སར་ལྷ་རིས་པའམ་ཀླུ་འབུམ་ལྷ་རིས་པ་བྱང་ཆུབ་རབ་གསལ། སྒོ་དམར་བློ་གྲོས། ལྷ་འབུམ་རྒྱལ། སེང་གཤོང་ལྷ་བཟོ་རྡོ་ཐར། གཉན་ཐོག་སྐར་མ། དཔལ་ལྡན་རྒྱ་རག གཉན་ཐོག་ཡོན་ཏན། ཨ་ཁུ་ཆོས་ལྡན། སེང་གཤོང་བླ་མ་ཐར། དགེ་སློང་བསྟན་འཛིན། རྐ་སར་བློ་བཟང་ཤེས་རབ།གཉན་ཐོག་ཀན་ཏ་འཇིགས་མེད། རྒྱ་མཚོ། ཤ་བོ་ཚེ་རིང་། ཀུན་བཟང་བཅས་བྱུང་མྱོང་ངོ་།།

གཉིས་པ། རེབ་གོང་སྒྱུ་རྩལ་ཞེས་པའི་མིང་ཐོགས་ཚུལ་དང་དེའི་གོ་དོན་སྐོར་གླེང་བ།

མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ། རོང་བོ་རྡོ་སྦིས་ཞེས་རྡོ་སྦིས་རེབ་གོང་གི་གྲས་ཡིན་པར་བཤད་ཅིང་། རྡོ་སྦིས་རང་ནས་འཁྲུངས་པའི་བདུད་འཇོམས་རྡོ་རྗེ་རོལ་བ་རྩལ་གྱི་རང་རྣམ་ལས་ཀྱང་རེབ་གོང་གི་ནང་ཚན་རྡོ་སྦིས་དཀྱིལ་འཁོར་ནས་འཁྲུངས་ཞེས་རྡོ་སྦིས་རེབ་གོང་གི་ནང་ཚན་ཡིན་པ་གསལ་བོར་གསུངས་ཡོད་ཅིང་། མར་ནང་ཞེས་པ་རོང་བོ་ཡར་ནང་མར་ནང་ནས་ཐོགས་པ་དང་། རྩེ་ཁོག་ལ་རོང་བོ་རྩེ་གཞུང་ཞེས་པ་སོགས་ལ་དཔགས་ན། སྔོན་གྱི་དུས་སུ་རེབ་གོང་ཟེར་དུས་དེང་སང་ཞིན་ཧྭ་རྫོང་གི་ས་ཁུལ་དང་། ཐུན་རིན་རྫོང་དང་། རྩེ་ཁོག་རྫོང་བཅས་ཀྱི་ས་ཁུལ་ཡོངས་ལ་གོ་ཞིང་། ཕྱིས་སུ་རེབ་གོང་དང་བླ་བྲང་གཉིས་གྱོད་ལ་ཐུག་པས་བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་རེབ་གོང་ཟེར་བ་ནི་འཕྲང་ཡར་ནང་མན་ཆད་དང་གསེར་སྒའི་ཉག་ག་ཡན་ཆན་གྱི་ས་ཁོངས་ལ་བཤད་ཅེས་མདོ་སྨད་ཆོས་འབྱུང་དུ་འཁོད་པ་དེ་ནས་བཟུང་རེབ་གོང་གི་མཁས་པ་ཁ་ཅིག་གིས་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲང་སྟེ་རེབ་གོང་གི་སྟོན་བཤད་རྣམས་སུའང་དེ་ལྟར་བཤད་པས་རེབ་གོང་ཁ་ཐོར་ཡ་ཐོར་དུ་གྱུར་ཏོ།། ངེད་ཀྱིས་འདིར་བཤད་པའི་རེབ་གོང་སྒྱུ་རྩལ་བྱ་བའི་སྐབས་ཀྱི་རེབ་གོང་ནི་སྔོན་གྱི་ལོ་རྒྱུས་སྟེང་གི་རེབ་གོང་སྤྱི་ལ་བཤད་པ་ལས་དེང་སང་གི་རེབ་གོང་ཙམ་ལ་གོ་བ་མ་ཡིན་ཏེ་ཅིས་ཀྱང་མགོ་མི་རྙོག་པར་བྱའོ།། རེབ་གོང་སྒྱུ་རྩལ་བྱ་བའི་མིང་འདི་ཉེ་ཆར་ཐོགས་པ་ཞིག་ཡིན་ལ། དེ་སྔོན་རེབ་གོང་ལྷ་རིས་དང་རེབ་གོང་ལྷ་རྒྱུན་ཞེས་པ་ལས་རེབ་གོང་སྒྱུ་རྩལ་བྱ་བའི་མིང་འདི་དངོས་སུ་འབོད་སྲོལ་མེད། སྐབས་ཤིག་ལ་རྒྱ་ཡིག་ཏུ་ཁྲི་རྩེ་བཞིའམ་སྡེ་ལྔའི་སྒྱུ་རྩལ་ཞེས་གྲངས་ལྔའི་བུའུ་五屯 བྲིས་ཡོད་ཀྱང་བོད་ཡིག་སྒྱུར་མཁན་ཚོས་དེའི་དོན་མ་གོ་ནས་བོད་སྐད་ཏུ་སེང་གཤོང་སྒྱུ་རྩལ་ཞེས་མི་དམངས་བརྙན་པར་དང་། པེ་ཅིན་དང་ཧྲང་ཧེ་སོགས་སུ་འགྲེམ་སྟོན་དང་ཁྱབ་བསྒྲགས་ཀྱི་ལས་སྒོ་སྤེལ། དེ་དུས་རྐ་སར་ཀུན་བཟང་ལགས་དང་། གཉན་ཐོག་ཀན་ཏ་འཇིགས་མེད་གཉིས་ཀྱིས་སེང་གཤོང་སྒྱུ་རྩལ་ཞེས་འབོད་ན་ཁྱབ་རྒྱ་ཆུང་བ་མ་ཟད་མིང་དོན་དང་མི་མཚུངས། ང་གཉིས་ནི་སེང་གཤོང་གི་མི་མ་རེད་ཅེས་བསམ་འཆར་བཏོན། ཕྱིས་སུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅུ་བློ་མཐུན་ཧུའོ་ཡོ་པང་རྨ་ལྷོའི་ཁུལ་ལ་རྟོག་ཞིབ་ཏུ་ཕེབས་སྐབས་རྐ་སར་ཀུན་བཟང་ལགས་ཀྱིས་རེབ་གོང་སྒྱུ་རྩལ་ཞེས་བསྒྱུར་ན་འོས་འཚམས་ཡིན་པའི་གནས་ཚུལ་ཞུས་པས། བློ་མཐུན་ཧུའོ་ཡོ་པང་སྐུ་དངོས་ཀྱིས་ཕྱག་བྲིས་བསྩལ་བ་ནས་བཟུང་ཡོངས་ཁྱབ་ཀྱི་མིང་དེ་ཐོགས། ད་ཆར་རེབ་གོང་སྒྱུ་རྩལ་ཟེར་དུས་བྲིས་བཟོ་དང་། འཇིམ་བཟོ། བརྐོ་བཟོ། མགར་བཟོ་བཅས་ལས་གཉེར་མང་པོ་ཞིག་ལ་གོ་བ་མ་ཟད་རེབ་གོང་ས་ཁུལ་དུ་དར་བའི་དམངས་སྲོལ་རིག་གནས་དང་། ཟློས་གར་སོགས་ཀྱང་འདིའི་ཁོངས་སུ་གཏོགས་ཡོད། འོན་ཏེ། ངེས་པར་དུ་ཤེས་དགོས་པ་ཞིག་ནི་དང་ཐོག་རེབ་གོང་སྒྱུ་རྩལ་བྱ་བའི་མིང་འདི་ལྷ་རིས་ལག་རྩལ་གྱི་རྨང་གཞིའི་ཐོག་ནས་དར་བ་མངོན་སུམ་བསྙོན་མེད་ཅིག་རེད། སྤྱི་ལོ་༡༩༨༦ལོར་རེབ་གོང་སྒྱུ་རྩལ་ཞིབ་འཇུག་ཁང་དངོས་སུ་བཙུགས་ཤིང་། དེ་ནས་རེབ་གོང་སྒྱུ་རྩལ་རྟེན་རྫས་བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་པ་སོགས་རིམ་གྱིས་འཕེལ་རྒྱས་ཕྱིན་ཏེ་ད་ལྟའི་གནས་བབ་འདི་འདྲར་གྱུར་ཏོ།།

གསུམ་པ། རེབ་གོང་སྒྱུ་རྩལ་གྱི་ནང་དོན་དང་དབྱེ་བ།

རེབ་གོང་སྒྱུ་རྩལ་གྱི་ནང་དོན་ལ་དབྱེ་ན་རིགས་མང་སྟེ་དཔེར་ན། ཐང་ག་དང་། ལྡེབས་རིས། གོས་ཐང་། འཇིམ་བཟོ། རྡོ་བཟོ། ཤིང་སྐུ། ལི་སྐུ། ཞལ་འབག ཤིང་ཚོན། བློས་བསླངས། མཆོད་རྟེན། གསེར་སྐུ། དངུལ་སྐུ། ཟངས་སྐུ། བརྐོས་དཀྲོལ། ཟློས་གར་སོགས་མང་ངོ་།།

༡ ཐང་ག་ཟེར་བའི་ཐོག་མའི་གོ་དོན།
འདི་ལ་བཤད་ཚུལ་མང་ཡང་། བརྡ་རྙིང་དུ་ཐང་ཞེས་པ་ནི་ཉིན་རེའི་དོན་དག་གལ་ཆེན་རྣམས་ཟིན་བྲིས་སུ་བཏབ་པའི་ཉིན་ཐོ་ལྟ་བུ་ལ་གོ་ཞིང་། དཔེར་ན་བཀའ་ཐང་དང་། ཐང་ཡིག་ལྟ་བུ་དང་། ཡིན་ཐང་ཟེར་བ་ནི་དོན་དག་དངོས་ཇི་མ་ཇི་བཞིན་དུ་རི་མོར་བཀོད་པའི་ཚོན་ཐང་ལ་ཟེར། ད་སྐབས་ཉིན་ཐང་ཟེར་བའི་ཉི་མ་གཅིག་ལ་བྲིས་ཚར་དགོས་པའི་ཕྱག་སྲོལ་ཡོད་པ་དེའི་ཐོག་མའི་འབྱུང་ཁུངས་ཀྱང་དེ་ནས་དར། ཕྱིས་སུ་ཆོས་ལུགས་ཀྱི་བརྗོད་བྱ་མཚོན་པའི་རི་མོ་མང་དུ་བྲིས་པས་མི་ཕལ་ཆེར་གྱིས་ཐང་ག་ཟེར་དུས་ཆོས་ལུགས་ཀྱི་རི་མོ་ལྟ་བུ་ཞིག་ལ་ངོས་བཟུང་བྱས་པའི་སྲོལ་ཆགས་སོ།།
༢ ཐང་ག
སྤྱིར་ཐང་ག་ཟེར་དུས་སྤྱི་མིང་ཞིག་ལ་གོ་མོད། ད་སྐབས་མང་ཤོས་ཀྱིས་རས་གཞིའི་སྟེང་བྲིས་པའི་ཚོན་ཐང་ལ་གོ་བ་ཁྱབ་ཆེ་ལ་། ཆེ་ཆུང་མཐོ་གང་ནས་ཁྲུ་ཙི་བཞི་ལྔ་ལྷག་ཡོད།
༣ གྱན་ཐང་། ཁང་མིག་གམ་གྱན་ཐག་གཅིག་གི་རིང་ཐུང་རས་གཞིའི་སྟེང་བྲིས་པའི་ཚོན་ཐང་ལ་གོ
༤ ལྡེབས་རིས། འདིའི་ཆེ་ཆུང་གི་ཚད་གྱན་ཐང་དང་འདྲ་ཡང་འབྲི་བྱའི་རྒྱུ་ཆ་རས་གཞི་མ་ཡིན་པར་གྱང་ངམ་ཞལ་ལྡེབས་ངོས་སུ་བྲིས་པ་ཞིག་ཡིན།
༥ ཙ་ཀ འདི་ལ་ཙག་ལིའམ་ཡང་ན་ཙ་ཀ་ལི་ཡང་ཟེར། རས་གཞི་མཐོ་གང་ཡས་མས་ཤིག་གི་སྟེང་བྲིས་པའི་ཚོན་ཐང་ལ་ཟེར། གཙོ་བོ་ཆོས་དབང་གི་སྐབས་སུ་བཀོལ་བ་ཤས་ཆེའོ།།
༦ གོས་ཐང་། འདི་ལ་རིགས་གསུམ་སྟེ། གོས་དྲུབས་དང་། འཐག་ཐང་། འཚེམ་ཐང་བཅས་སོ།།
༧ གོས་དྲུབས་ཟེར་བ་ནི། རྒྱུ་ཆ་གོས་འཇམ་རྩུབ་གཉིས་ཀྱིས་བཟོས་པའི་ཐང་ག་ལ་ཟེར་ཞིང་། འདིའི་ལག་རྩལ་རེབ་གོང་དུ་ཐོག་མར་དར་དུ་འཇུག་མཁན་ནི་གཉན་ཐོག་དཔལ་ལྡན་རྒྱ་རག་ཡིན་ལ། ཁོང་གིས་རྒྱལ་རོང་ཕྱོགས་སུ་ཕེབས་སྐབས་དེ་ནས་དར་བའི་ལག་རྩལ་གྱི་ཉམས་ མྱོང་རེབ་གོང་དུ་སྤེལ་ཞེས་བཤད་དོ།།
༨ འཐག་ཐང་། འདི་ཚོན་སྐུད་སྣ་ཚོགས་ཀྱིས་བཏགས་ནས་བཟོས་པའི་ཐང་ག་ལ་ཟེར། རྒྱུ་ཆ་འཁྱུད་སྐུད་དང་རས་སྐུད་སོགས་ཡིན།
༩ འཚེམ་ཐང་། འདིའི་ལག་རྩལ་ནི་རེབ་གོང་དུ་དར་སྔ་ལ་བལྟས་ཚོད་ཀྱིས་གོས་དྲུབས་དང་ཅུང་འདྲ་ཡང་། རྩ་བའི་ཆ་ནས་མི་འདྲ་སྟེ། གོས་དྲུབས་ཡིན་ན་སྲུབས་དང་མཐའ་ཤན་རྣམས་སྦྱར་ཆུ་དང་བག་ཆུས་བཟོས་པ་ཡིན་ཞིང་། འཚེམ་ཐང་ཡིན་ན་བཙེམས་ནས་བཟོས་པ་ཡིན་ཞིང་། སྒ་རུ་ལྷ་བཟོས་བཞེངས་པའི་གཡེར་གཤོང་གི་གོས་སྐུ་དང་། རྐ་སར་བློ་བཟང་ཤེས་རབ་ཀྱིས་བཞེངས་པའི་ཡིད་དགའ་ཆོས་འཛིན་དགོན་གྱི་གོས་སྐུ་གཉིས་ནི་རེབ་གོང་གི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་ལ་དེ་གཉིས་ཀྱང་འཚེམ་ཐང་གི་ཁོངས་སུ་གཏོགས་སོ།།
༡༠ གསེར་ཐང་། འདི་ལ་རས་གཞི་ཡོངས་རྫོགས་གསེར་ཆུ་བཏང་ནས་དེའི་སྟེང་དུ་མཚལ་དང་ཚོན་བསྐུས་ཏེ་བཞེངས་པ་ཞིག་དང་། ཡང་ན། གནམ་ས་དང་ཡུལ་ལྗོངས་རྣམས་ལ་ཚོན་བཏང་སྟེ་དེ་མིན་གྱི་ལྷ་སྐུ་དང་མི་སྣ་དག་ལ་གསེར་ཆུ་བཏང་ནས་བཞེངས་པའི་ལུགས་གཉིས་ཡོད་དོ།།
༡༡ མཚལ་ཐང་། གཞི་རས་མཚལ་གྱི་སྟེང་ལ་གསེར་བྲིས་དང་ཚོན་བསྐུས་པའི་ཐང་ག་ལ་ཟེར་ཞིང་། འདི་ལ་དམར་ཐང་ཞེས་ཀྱང་བརྗོད།
༡༢ ནག་ཐང་། གཞི་རས་སྣག་ཚའི་སྟེང་ལ་གསེར་བྲིས་དང་ཚོན་བཏང་བའི་ཐང་ག་ལ་ཟེར་ཞིང་། འདི་ལ་ཉིན་ཐང་བྲིས་པ་ཤུགས་ཆེ་ལ། གོང་མ་ཆན་ལུང་གི་སྐབས་སུ་ལྕང་སྐྱ་རོལ་བའི་རྡོ་རྗེས་ཐུགས་བཀོད་མཛད་དེ་བཞེངས་པའི་སངས་རྒྱས་སྨན་བླ་དང་དཔལ་ལྡན་ལྷ་མོའི་ཐང་ག་གཉིས་ནི་ནག་ཐང་ནང་ནས་ཆེས་སྐད་གྲགས་ཆེ་བ་ཞིག་གོ།
༡༣ ཞལ་ཐང་། འདི་ལ་ཁ་ཅིག་གིས་མཁས་གྲུབ་དམ་པ་རྣམས་ཀྱི་ཤངས་ཁྲག་གིས་བཞེངས་པའི་ཐང་ག་ལ་ཟེར་ཞིང་། ལ་ལས་ཞལ་ཁེབས་མི་འབྱེད་པའི་དམ་ཐང་ལ་གོ་བ་དང་། སྐབས་འགར་གསུང་འབྱོན་པའི་ཐང་ག་བྱིན་ཅན་ལ་གོ་བ་སོགས་བཤད་ཚུལ་མི་འདྲ་བ་མང་ངོ་། །
༡༤ བསྙེན་ཐང་། བསྙེན་ཐང་ཟེར་བ་ནི་ལྷ་རེ་རེའི་མཚན་སྔགས་དང་ཤར་སྒོམ་བྱེད་པའི་སྐབས་སུ་མཁོ་བའི་ཐང་ག་ལ་ཟེར་ཞིང་། དཔེར་ན་འཇིགས་བྱེད་ཀྱི་བསྙེན་མཚམས་བཞུགས་སྐབས་འཇིགས་བྱེད་བསྙེན་ཐང་དགོས་ལ། བྱ་ཁྱུང་གི་བླ་མ་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་དང་། གྲུབ་དབང་འཇིགས་མེད་བསམ་གཏན་ཚང་གི་འཇིགས་བྱེད་བསྙེན་ཐང་གཉིས་ནི་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཤིན་ཏུ་ཆེའོ།
༡༥ ཡིན་ཐང་། ཡིན་ཐང་ནི་མི་དང་བྱ་དངོས་དོན་དག་གང་བྱུང་རྣམས་ཇི་མ་ཇི་བཞིན་དུ་རི་མོར་བཀོད་པའི་ཐང་ག་ལ་ཟེར་ཞིང་། དཔེར་ན། ཀརྨ་པ་སྐུ་ཕྲེང་ལྔ་བ་དེ་བཞིན་གཤེགས་པ་གོང་མ་ཡུང་ལོ་རྒྱལ་པོས་ནན་ཅིན་དུ་གདན་དྲངས་པའི་སྐབས་སུ་རྟགས་མཚན་བྱུང་བ་དག་རི་ མོར་བཀོད་པའི་ཐང་ག་དེ་ལ་ཀརྨ་པའི་ཡིན་ཐང་ཞེས་ད་ལྟ་བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དུ་ཉར་ཚགས་ཡོད་པ་དང་། ཏཱ་ར་ན་ཐའི་རྣམ་ཐར་དུ་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱི་ཡིན་ཐང་ཞེས་པ་བཅས་ནི་ཡིན་ཐང་ག་ནང་ནས་མཚན་སྙན་ཆེ་ཤོས་ཡིན་ནོ།།
༡༦ ཉིན་ཐང་། ཉིན་ཐང་ཟེར་བ་ནི་ལྷ་ཅི་ཡིན་ཡང་ཉིན་ཞག་ཕྲུག་ཅིག་ལ་བྲིས་ཚར་དགོས་པའི་ཐང་ག་ལ་ཟེར་རོ།།
༡༧ སྐྱ་ཐང་། སྐྱ་ཐང་ཟེར་བ་ནི། ཚོན་གཏོང་མེད་པའི་སྐྱ་རིས་ཀྱི་ཐང་ག་ལ་ཟེར་ཞིང་། སྐྱ་ཐིག་དང་མི་འདྲའོ།།
༡༨ ལོགས་རིས། འདི་ལྡེབས་རིས་དང་དོན་གཅིག་གོ
༡༩ མུ་ཏིག་ཐང་ག མུ་ཏིག་ཐང་ག་ནི་སྐྱ་རིས་སྟེང་དུ་མུ་ཏིག་བསྟར་ལ་བརྒྱུས་ཏེ་བཞེངས་པའི་ལུགས་སྲོལ་ཞིག་སྟེ། དཔེར་ན། ལྷོ་ཁའི་ཁྲ་འབྲུག་དགོན་པར་བཞུགས་པའི་མུ་ཏིག་གི་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ་ལྟ་བུ་དང་། སྙིང་འབུམ་གྱི་རེབ་གོང་སྒྱུ་རྩལ་གླིང་དུ་ཉར་ཚགས་ཡོད་པའི་མུ་ཏིག་ཐང་ག་ལྟ་བུའོ།།
༢༠ བྱུ་རུའི་ཐང་ག བྱུ་རུའི་ཐང་ག་ནི་བཟོ་སྟངས་མུ་ཏིག་ཐང་ག་དང་འདྲ་ཡང་རྒྱུ་ཆ་གཙོ་བོ་བྱུ་རུ་ཡིན་པས་དེ་ལྟར་ཐོགས་ལ། བོད་ཡུལ་དུ་བྱུ་རུའི་ཐང་ག་རེ་གཉིས་ལས་མི་བཞུགས་ལ་སོག་ཡུལ་དུ་ཅུང་དར་ཁྱབ་ཆེ་བར་འདུག
༢༡ དཀྱིལ་ཐང་། སྤྱིར་ལས་ཀྱི་དཀྱིལ་འཁོར་ལ་རས་བྲིས་དང་། རྡུལ་ཚོན། བློས་བསླངས་གསུམ་སྟེ། དཀྱིལ་ཐང་ནི་རས་གཞིའི་སྟེང་བྲིས་པའི་ཐང་ག་ལ་ཟེར།
༢༢ འཇིམ་སྐུ། འདི་ལ་འདམ་སྐུ་དང་འདག་སྐུ། སྨན་སྐུ་དང་འབག་སྐུ་བཅས་ཀྱང་ཟེར་ལ། རྒྱུ་ཆ་གཙོ་བོ་ས་དམར་དང་ཤོག་བུ་སོགས་ཀྱིས་ བཞེངས་པ་ཡིན་ཞིང་། སློབ་དཔོན་རྒྱ་མཚོ་ལགས་ཀྱིས་བཞེངས་པའི་སེང་གཤོང་བྱམས་པ་དང་སྒོ་དམར་བྱམས་ཆེན། ཨ་ཁུ་བློ་བཟང་ཉི་མས་བཞེངས་པའི་རོང་བོ་དགོན་ཆེན་གྱི་རྗེ་ཡབ་སྲས་གསུམ་བཅས་ནི་རེབ་གོང་གི་འཇིམ་སྐུའི་ནང་ནས་སྐད་གྲགས་ཆེ་ཤོས་ཡིན།
༢༣ རྫ་སྐུ། རྫ་སྐུ་ནི་ཐོག་མར་ས་དམར་སོགས་ཀྱིས་བཟོས་པའི་རྗེས་སུ་བསྲེགས་པ་དེ་ལ་རྫ་སྐུ་ཟེར།
གཙོ་བོ་གཙུག་ལག་ཁང་གི་གྱང་ངོས་དང་ སོ་ཕག་གི་སྟེང་དུ་བེད་སྤྱོད་པ་མང་ངོ་།།
༢༤ ཤིང་སྐུ། རྒྱུ་ཆ་གཙོ་བོ་ཙན་དན་དང་ཤུག་པ། གྲོ་ག་སོགས་ཀྱིས་བཞེངས་པའི་སྐུ་འདྲ་ལ་ཟེར་ཞིང་། འདི་བརྐོས་དཀྲོལ་གྱི་རིགས་སུ་ གཏོགས། དཔེར་ན། པོ་ཏ་ལར་བཞུགས་པའི་འཕགས་པ་ལོ་ཀེ་ཤྭ་ར་ཡའམ་འཇིག་རྟེན་དབང་ཕྱུག་དང་། གཙུག་ལག་ཁང་དུ་བཞུགས་ པའི་རང་བྱོན་ལྔ་ལྡན་དང་། རེབ་གོང་སྒོ་དམར་མཆོད་རྟེན་ནང་གི་རྟེན་གཙོ་ཙན་དན་གྱི་དུས་འཁོར་དང་འདུ་ཁང་ནང་གི་ཙན་དན་ཇོ་བོ་ ལྟ་བུའོ།། སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོའི་དངོས་སློབ་བརྐོ་བཟོ་ལྷ་འབུམ་རྒྱལ་ནི་རེབ་གོང་བརྐོ་བཟོའི་ལོ་རྒྱུས་ཐོག་མཁས་པའི་ཡང་རྩེ་ཡིན།
༢༥ རྡོ་སྐུ། རྒྱུ་ཆ་རྡོ་ནག་སོགས་ཀྱིས་བཟོས་པའི་སྐུའི་རིགས་ལ་གོ་ཞིང་། རྡོ་ཀ་མ་རུ་པ་ནི་རྡོའི་རིགས་ལས་རྩ་ཆེ་ཤོས་ཡིན་ལ། ཁྲ་འབྲུག་ལྷ་ཁང་ནང་གི་རྟེན་གཙོ་རྒྱལ་བ་རིགས་ལྔ་དང་། ས་སྐྱའི་ཨ་མྱེས་གུར་གྱི་རྡོ་སྐུ་བཅས་ནི་བོད་ཀྱི་ལོ་རྒྱུས་ཐོག་དཔེ་སྟོན་གྱི་རྡོ་སྐུ་ཡིན་ཞིང་། རེབ་གོང་ལ་མཚོན་ན་རྩེ་གཞུང་ཧོར་དགོན་པའི་རྡོ་རྐོན་དང་རྡོ་སྐུ་རྣམས་ནི་རྡོ་སྐུའི་ལག་རྩལ་ཆེ་ཤས་ཡིན་ནོ།།
༢༦ གཡང་ཊིའི་སྐུ། འདི་ནི་རྒྱུ་ཆ་གཡང་ཊི་ལས་བཟོས་པའི་སྐུ་ལ་ཟེར་ཞིང་། པོ་ཏ་ལར་བཞུགས་པའི་གཡང་ཊིའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་ནི་སྐད་གྲགས་ཤིན་ཏུ་ཆེ། ནང་སའི་དགོན་པ་ཁག་ཏུ་གཡང་ཊིའི་སྐུ་ཧ་ཅང་མང་ངོ་།།
༢༧ བྱུ་རུའི་སྐུ། རྒྱུ་ཆ་བྱུ་རུ་ལས་བཟོས་པའི་སྐུ་ལ་ཟེར་ཞིང་། བརྐོས་དཀྲོལ་གྱི་ཁོངས་སུ་གཏོགས།

༢༨ གསེར་སྐུ། འདི་ལ་གསེར་འབའ་ཞིག་བླུགས་ནས་བཞེངས་པའི་ལུགས་གཅིག་དང་། ཡང་རྒྱུ་ཆ་ལི་ཟངས་ཀྱི་སྟེང་དུ་གསེར་ཞུན་གཏོང་བའི་སྐུ་ལའང་གསེར་སྐུ་ཞེས་འབོད་སྲོལ་ཡོད། འདི་ལ་རྡུང་མ་དང་ལུགས་མ་གཉིས་ཡོད།
༢༩ དངུལ་སྐུ། རྒྱུ་ཆ་དངུལ་ལས་བཞེངས་པའི་སྐུ་ལ་ཟེར་ཞིང་། མངའ་རིས་འཁོར་ཆགས་དགོན་པའི་ཇོ་སྐུ་མཆེད་གསུམ་ལ་དངུལ་སྐུ་མཆེད་གསུམ་ཡང་བརྗོད། དུས་རབས་བཅུ་གཉིས་པའི་ཡར་སྔོན་དུ་མངའ་རིས་རྩ་མདའ་རྫོང་གི་ཕུ་དབང་ས་ཁུལ་ནི་དེ་སྔོན་དངུལ་སྐུ་ བཞེངས་སའི་ལྟེ་གནས་ལྟ་བུ་ཡིན་ཞེས་ལོ་རྒྱུས་ཁ་ཅིག་ལས་བཤད། འདི་ལའང་རྡུང་མ་དང་ལུགས་མ་གཉིས་ཡོད། རེབ་གོང་ས་ཁུལ་ལ་མཚོན་ན། ས་དཀྱིལ་ཙིན་ཐར་རྒྱལ་དང་། སེང་གཤོང་བློ་བཟང་བསྟན་པ། སྒོ་དམར་སྟག་འབུམ་གསུམ་ནི་རེབ་གོང་ས་ཁུལ་གྱི་དངུལ་མགར་གྲགས་ ཅན་གསུམ་མོ།།
༣༠ ཟངས་སྐུ། འདི་ལའང་རྡུང་མ་དང་ལུགས་མའི་བཞེངས་ལུགས་གཉིས་སྟེ། རྒྱུ་ཆ་གཙོ་བོ་ཟངས་ལས་བཟོས་པ་ཡིན་པས་ཟངས་སྐུ་ཟེར།
༣༡ ལི་སྐུ། རྒྱུ་ཆ་ལི་ལས་བཟོས་པའི་སྐུ་ལ་ཟེར་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་ཆོས་རྒྱལ་ལི་མ་དང་། གདན་ས་མཐིལ་ལུགས་ཀྱི་ལི་མ། རྒྱ་གར་ཤར་ལི། ཞང་ཞུང་ལི་མ་བཅས་ནི་མཚན་སྙན་ཆེ།
༣༢ མཆོད་རྟེན། སྤྱིར་མཆོད་རྟེན་ལ་ལུགས་མང་ཡང་བསྡུས་ན་ཕྱི་ནང་གི་མཆོད་རྟེན་གཉིས་ཏེ།མཐོ་ལྡིང་གི་ལྷ་བབ་མཆོད་རྟེན་དང་། རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན།. སྒོ་དམར་མཆོད་རྟེན། རེབ་གོང་མཆོད་རྟེན། སེང་གཤོང་མཆོད་རྟེན་རྣམ་གསུམ་བཅས་ནི་ཕྱིའི་མཆོད་ རྟེན་གྱི་ཁོངས་སུ་གཏོགས་ལ་། ནང་གི་མཆོད་རྟེན་ནི་འཛམ་གླིང་རྒྱན་གཅིག་དང་། སྐུ་འབུམ་གསེར་སྡོང་། བྱ་ཁྱུང་གི་གསེར་གདུང་། རོང་པོ་ཆོས་པ་རིན་པོ་ཆེའི་སྐུ་གདུང་བཅས་ནི་ནང་གི་མཆོད་རྟེན་གྱི་ཁོངས་སུ་གཏོགས། རྒྱུ་ཆ་དབང་གིས་སའི་མཆོད་རྟེན་དང་། ཤིང་གི་མཆོད་རྟེན། རྡོའི་མཆོད་རྟེན།དངུལ་གྱི་མཆོད་རྟེན། གསེར་གྱི་མཆོད་རྟེན། གནམ་ལྕགས་ཀྱི་མཆོད་རྟེན་སོགས་རིགས་བཀར་བའང་མང་དུ་མཆིས་སོ།།
༣༣ རྒྱན་རིས། རྒྱན་རིས་ནི་ཤིང་གི་ངོས་སུ་པ་ཏྲ་སྣ་ཚོགས་ཀྱི་ཚོན་རིས་གཏོང་བ་དེ་ལ་ཟེར་ཞིང་།
གནམ་རྒྱན་དང་། ཀ་རྒྱན། བན་རིས་བཅས་ནི་རྒྱན་རིས་ཀྱི་ཁོངས་སུ་གཏོགས་ཤིང་། མངའ་རིས་མཐོ་ལྡིང་དགོན་པའི་གནམ་རྒྱན་དང་། དུང་དཀར་ཕུག་པའི་གནམ་རྒྱན་བཅས་ནི་ཡོངས་སུ་གྲགས་པའི་རྒྱན་རིས་ཀྱི་སྐོར་ཡིན་ནོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,