རྩིས་འཕྲུལ་གྱི་རྒྱུན་ཤེས་ཁག་དང་པོ་ལས་གཙོ་འཕྲུལ་ལམ་ནང་གི་བསྒྲིག་ཆས་ཀྱི་སྐོར།

སྒོ་བུ་ཚེ་གྲུབ།
རྒྱུན་བཀོལ་མིང་འགྲེལ།
༡. བཟོ་སྣོན། dispose;treat 处理 ཐོན་རྫས་སོགས་ལ་བཟོ་བཅོས་བྱས་ཏེ་ཚད་དུ་ལོངས་པར་བྱེད་པའོ།།
༢. བསྒྲིག་ཆ། installation;unit 装置 འཕྲུལ་ཆས་སོགས་ཀྱི་ནང་གི་ཐུན་མིན་བྱེད་ལས་དང་ལྡན་པའི་ཆ་ཤས་སོ།།
༣. གསོག་ཆས། storage;memory 存储器 གློག་རྡུལ་རྩིས་འཕྲུལ་གྱི་ནང་དུ་བསྒྲིགས་རིམ་དང་དན་གྲངས་སོགས་གསོག་འཇོག་བྱ་སའི་བསྒྲིག་ཆས་ཤིག་གོ།

༤. འདུས་གྲུབ། integrate 集成 རྩིས་འཕྲུལ་གྱི་སྒྲ་བྱང་དང་འཆར་བྱང་སོགས་ལྷུ་ལག་རྣམས་དང་པོ་ནས་ལྷན་དུ་གྲུབ་པར་བྱས་པའི་རིགས་སོ།།
༥. འདུས་སྙིང་། chip 芯片 བོངས་ཆུང་ལ་གློག་གྲོན་ཉུང་ཞིང༌། མ་གནས་དམའ་ལ་འགྲོས་ཚད་མྱུར་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པའི་རྩིས་འཕྲུལ་དང་ ཁྱིམ་སྤྱོད་གློག་ཆས་སོགས་སུ་རྒྱ་ཆེར་བཀོལ་བའི་སྐུད་སྒོ་མང་པོ་ཅན་གྱི་འདུས་ གྲུབ་གློག་ལམ་ཞིག་གོ།
༦. གསོག་འཛིན། memory;storage 存储 དངོས་རྫས་དང་བརྡ་འཕྲིན་སོགས་ཚགས་སུ་འཇོག་པའམ་འཛིན་པའོ།།

༧. པིད་ཐེར་འབུམ། GB གཉིས་འཕར་ལུགས་ཀྱི་གནས་གཅིག་ལ་པིད་(bit)གཅིག་ཟེར། དེ་ཉིད་རྩིས་འཕྲུལ་གྱི་ཡི་གེ་གཅིག་ཏུ་བྱས་པ་ས་ཡ་གཅིག་ལ་པིད་(bit)དམ་ཡི་གེ་ ས་ཡ་གཅིག་ཡོད་པས་ས་ཡ་(MB)གཅིག་ཟེར་རོ།།
༨. མང་འཕྲིན། multimedia多媒体 རྩིས་འཕྲུལ་ལ་བརྟེན་པའི་བརྡ་འཕྲིན་ཐེག་བྱེད་རིགས་མང་པོའི་སྤྱི་མིང་སྟེ་ཡི་གེ་དང་རི་མོ་དང་སྒྲ་སོགས་སོ།།
༩. མཐུན་ཆས། adapter 适配器 རྩིས་འཕྲུལ་གྱི་སྤྲད་ཁུངས་སུ་གཟུད་པར་བྱ་བའི་རྩིས་འཕྲུལ་གྱི་བྱེད་ནུས་རྒྱ་ བསྐྱེད་བྱེད་ཀྱི་ཞན་པར་སྐུད་གདན་ཞིག་སྟེ། འཆར་བྱང་དང་གཏོང་འཇུག་མཐུད་བྱང་དང་མཐུན་སྒྱུར་ཆས་དང་དྲ་བའི་མཐུད་བྱང་སོགས་ མཐུན་ཆས་བྱང་བུའི་རིགས་མང་དུ་ཡོད་དོ།།
༡༠. སྲེག་ཕབ། write(CD) 刻录 དན་གྲངས་དང་ཡིག་ཆ་སོགས་ཟེར་སྡེར་གྱི་ངོས་སུ་འབེབས་པར་བྱེད་པའོ།།
༡༡. འདོན་སྤྲོད། offer;provide 提供 བསམ་འཆར་རམ་དཔྱད་ཡིག་དང་དངོས་རྫས་སོགས་འདོན་ཞིང་སྤྲོད་པའོ།།
༡༢. གློག་ཤེད། voltage 电压 གློག་ཁྱམས་སམ་གློག་གི་རྒྱུ་ལམ་སྣེ་གཉིས་བར་གྱི་གློག་གི་ནུས་ཤུགས་ཀྱི་ཚད་དེ། ཝལ་(volt)གྱིས་རྩི་གཞི་བྱས་ནས་བརྩིའོ།།
༡༣. གློག་སྡུད། electromagnetism 电磁 དངོས་པོའི་ཁམས་ལ་ཡོད་པའི་གློག་གཤིས་དང་ཁབ་ལེན་ནམ་སྡུད་གཤིས་ཀྱི་སྤྱི་མིང་ངོ་།།
༡༤. ཁྱབ་འགྱེད། radiation 辐射 ༡.ལྟེ་བ་གཅིག་ལས་འོད་ཀྱི་ཟེར་ཕྲེང་སོགས་ཕྱོགས་སོ་སོར་འཕྲོ་ཞིང་འགྱེད་པ་དང༌། ༢.འོད་ཐིག་དང་སྐུད་མེད་གློག་རླབས་སོགས་ཕྱོགས་ཀུན་ཏུ་ཁྱབ་པར་འཕྲོ་ཞིང་འགྱེད་ པའོ།།
༡. དབུས་སྒྲིག་ཆས། CPU(Central Processor Unit) 中央处理器
༈ དབུས་སྒྲིག་ཆས་ནི་རྩིས་འཕྲུལ་གྱི་ནང་གི་ཆེས་གལ་འགངས་ཆེ་བའི་ལྷུ་ཚན་ཞིག་སྟེ། དེས་རྩིས་འཕྲུལ་འཁོར་བསྐྱོད་ཀྱི་བྱ་བ་སྣ་ཚོགས་ལ་ཁ་ལོ་སྒྱུར་བཞིན་པ་མ་ཟད། རྩིས་འཕྲུལ་གྱི་བཟོ་སྣོན་གཤིས་ནུས་གཏན་ལ་འབེབས་བྱེད་ཀྱི་སྙིང་པོའི་སྡེ་ཚན་ ཁྲོད་ཀྱི་གཅིག་ཡིན་པས། དབུས་སྒྲིག་ཆས་ཀྱི་མགྱོགས་ཚད་ཀྱིས་ཐད་ཀར་རྩིས་འཕྲུལ་གྱི་འཁོར་བསྐྱོད་ཡོངས་ རྫོགས་ཀྱི་མགྱོགས་ཚད་ལ་ཤུགས་རྐྱེན་ཐེབས་ངེས་རེད།
༢. གཙོ་གདན། མ་གདན། Mainboard 主板
༈ གཙོ་གདན་ནམ་མ་གདན་ནི་རྩིས་འཕྲུལ་གྱི་ཆེས་ཆེ་བའི་གློག་ལམ་སྐུད་གདན་ཞིག་སྟེ། དེ་ཡི་ངོས་ཧྲིལ་པོ་༼སྒྲ་བྱང་དང་། འཆར་བྱང་། དྲྭ་བྱང་སོགས་ཀྱི་༽སྤྲད་ཁུངས་དང་། ༼འཐེབ་གཞོང་དང་ཙིག་བརྙན་སོགས་ཀྱི་༽མཐུད་ཁུང་། གློག་རྡུལ་ལྷུ་ཚན་གྱིས་ཁེབས་ཡོད་པས། དེས་སྲ་ཆས་ཡོད་ཚད་མཉམ་གཅིག་ཏུ་སྦྲེལ་འདུག
༣. རླུང་འཁོར། Electric fan 风扇
༈ རླུང་འཁོར་ནི་དབུས་སྒྲིག་ཆས་ཀྱི་དྲོད་སེལ་བསྒྲིག་ཆ་ཞིག་སྟེ། དབུས་སྒྲིག་ཆས་ཀྱི་འདར་ཚད་ཇེ་མཐོར་སོང་བ་དང་མཉམ་དུ་དེའི་དྲོད་ཚད་ཀྱང་ཇེ་ཆེ་ ནས་ཇེ་ཆེར་འགྲོ་བས། རླུང་འཁོར་ནི་རྩིས་འཕྲུལ་གྱི་དབུས་སྒྲིག་ཆས་ཀྱི་མེད་མི་རུང་བའི་བསྒྲིག་ཆ་ གལ་ཆེན་ཞིག་ཏུ་གྲུབ་འདུག༼སྤྱིར་རྩིས་འཕྲུལ་ལ་རླུང་འཁོར་ཁ་ཤས་ཤིག་ཡོད་ནའང་ སྐབས་འདིར་དབུས་སྒྲིག་ཆས་ཀྱི་རླུང་འཁོར་ལ་གོ་དགོས།༽
༤. ནང་བྱང་། Memory bank 内存条
༈ ནང་བྱང་ནི་རྩིས་འཕྲུལ་གྱི་ནང་གི་གསོག་ཆས་ཤིག་སྟེ། དེས་ཉེ་ཆར་བཀོལ་བའི་དན་གྲངས་དང་བསྒྲིགས་རིམ་གསོག་པར་མ་ཟད། དབུས་སྒྲིག་ཆས་ཀྱི་འཁོར་བསྐྱོད་ལས་ཐད་ཀར་དན་གྲངས་བརྗེ་བསྒྱུར་བྱེད་པ་རེད། མིག་སྔར་ཁྱིམ་སྤྱོད་རྩིས་འཕྲུལ་གྱི་ནང་བྱང་ལ་པིད་ས་ཡ་༥༡༢ཅན་དང་། པིད་ཐེར་འབུམ་༡དང་༢ཅན་སོགས་ཡོད་དོ།།
༥. འཆར་བྱང་། Video card 显卡
༈ འཆར་བྱང་ནི་གཙོ་གདན་དང་འཆར་ཆས་སྦྲེལ་བྱེད་དེ། གཙོ་འཕྲུལ་གྱིས་ཕྱིར་གཏོང་བྱས་པའི་བརྡ་འཕྲིན་དག་ཨང་ཡིག་དང་། རི་མོ། ཚོན་མདོག་སོགས་ཀྱི་བརྡ་འཕྲིན་དུ་བསྒྱུར་ནས་འཆར་ཆས་ལས་འཆར་བར་བྱེད་ཅིང་། དེ་ལ་ཆིག་རྐྱང་དང་འདུས་གྲུབ་གཉིས་སུ་ཡོད་པ་ལས། ཆིག་རྐྱང་འཆར་བྱང་ནི་གཙོ་གདན་གྱི་རྒྱ་བསྐྱེད་སྤྲད་ཁུངས་སུ་སྤྲད་དགོས་པ་དང་། འདུས་གྲུབ་འཆར་བྱང་ནི་གཙོ་གདན་གྱི་འདུས་སྙིང་ཚོམས་དང་འདུས་གྲུབ་བྱས་ཡོད་པས། འདུས་གྲུབ་ཚོམས་ཅན་གྱི་གཙོ་གདན་ལ་ཆིག་རྐྱང་གི་འཆར་བྱང་མི་དགོས་པར་འཆར་བྱང་ དཀྱུས་མ་ཞིག་གི་འཆར་ནུས་ཡོད་དོ།།
༦. སྲ་སྡེར། Hard disk 硬盘
༈ སྲ་སྡེར་ནི་རྩིས་འཕྲུལ་ཁྲོད་ཆེས་རྒྱུན་སྤྱོད་ཀྱི་ཕྱིའི་གསོག་ཆས་ཤིག་སྟེ། རྩིས་འཕྲུལ་གྱི་དན་གྲངས་མང་ཆེ་བ་སྲ་སྡེར་གྱི་ནང་དུ་གསོག་འཛིན་བྱས་ཡོད་ཅིང་། སྲ་སྡེར་གྱི་ཤོང་ཚད་ནི་སྤྱིར་བཏང་པིད་ཐེར་འབུམ་གྱིས་མཚོན་ནོ།། མིག་སྔར་ཁྱིམ་སྤྱོད་རྩིས་འཕྲུལ་གྱི་སྲ་སྡེར་ལ་པིད་ཐེར་འབུམ་༨༠ཅན་དང་༡༦༠ཅན། ༣༢༠ཅན་སོགས་ཡོད་དོ།།
༧. དྲྭ་བྱང་། Network interface card 网卡
༈ དྲྭ་བྱང་ནི་རྩིས་འཕྲུལ་དང་འཕྲིན་དྲྭ་སྦྲེལ་བྱེད་ལ་ཆེས་མཁོ་བའི་བསྒྲིག་ཆས་ ཤིག་སྟེ། རྩིས་འཕྲུལ་ནི་དྲྭ་བྱང་བརྒྱུད་ནས་འཕྲིན་དྲྭར་འཇུག་དགོས། དེ་བས་དྲྭ་བྱང་གིས་ཕྱོགས་གཅིག་ནས་དྲྭ་ལམ་གྱི་དན་གྲངས་ཁུག་མ་ལས་དན་གྲངས་ སྡུད་ལེན་བྱས་པ་རྣམས་གཙོ་གདན་གྱི་སྤྱི་སྐུད་བརྒྱུད་ནས་རྩིས་འཕྲུལ་དུ་སྤྲོད་ པ་དང་། ཕྱོགས་གཞན་ཞིག་ནས་རྩིས་འཕྲུལ་གྱི་ནང་གི་དན་གྲངས་ཁུག་མར་བཅུག་ནས་དྲྭ་ལམ་དུ་ སྐུར་བར་བྱེད་པའོ།།
༨. སྒྲ་བྱང་། Sound card 声卡
༈ སྒྲ་བྱང་ནི་མང་འཕྲིན་རྩིས་འཕྲུལ་ལ་མཁོ་ཆེ་བའི་གྲུབ་ཆ་ཞིག་སྟེ། རྩིས་འཕྲུལ་གྱི་སྒྲའི་བཟོ་སྣོན་གྱི་མཐུན་ཆས་ཤིག་ཀྱང་རེད། དབུས་སྒྲིག་ཆས་ཀྱིས་སྒྲའི་དན་གྲངས་བཟོ་སྣོན་བྱས་པ་དང་མཉམ་དུ་སྒྲ་བྱང་གིས་ ཀྱང་རྩིས་འཕྲུལ་ནང་གི་ཨང་གྲངས་བརྡ་རྟགས་དེ་ལད་ཟློས་བརྡ་རྟགས་སུ་བསྒྱུར་ཏེ་ སྒྲ་སྒམ་ལས་གཏོང་བར་བྱེད་དོ།། སྒྲ་བྱང་ལའང་གཙོ་གདན་དང་འདུས་གྲུབ་བྱས་ཡོད་པ་བདོག་མོད། གལ་ཏེ་སྒྲའི་སྤུས་ཚད་མཐོ་དགོས་པའི་རེ་འདོད་ཅན་གྱི་བཀོལ་བདག་ཚོས་ཆིག་རྐྱང་ གི་སྒྲ་བྱང་འདེམས་ཆོག་གོ།
༩. སྡེར་སྐུལ། CD-ROM;CD driver 光驱
༈ སྡེར་སྐུལ་ལ་ཟེར་སྡེར་སྐུལ་ཆས་ཞེས་ཀྱང་བྱ་སྟེ། འདི་ནི་ཆེད་དུ་ཟེར་སྡེར་ནང་གི་དན་གྲངས་ཀློག་བྱེད་དམ་དན་གྲངས་སྲེག་ཕབ་བྱེད་ སའི་ཕྱིའི་སྡེ་ཚན་གྱི་གསོག་ཆས་ཤིག་རེད། དེར་བརྟེན། ཉེར་སྤྱོད་སྙི་ཆས་དང་། གློག་བརྙན། སྒྲ་དབྱངས་སོགས་ཟེར་སྡེར་དུ་ཕབ་བསྐྲུན་བྱས་ཡོད་པ་རྣམས་སྡེར་སྐུལ་མེད་ཚེ་དེ་ དག་ཀློག་ཐབས་བྲལ་བས་སྡེར་སྐུལ་ནི་རྩིས་འཕྲུལ་གྱི་ནང་གི་ལྷུ་ཚན་དག་ལས་བེད་ སྤྱོད་ཆེ་བའི་གྲས་ཤིག་གོ།
༈ དེ་མིན་རྣོ་ཟེར་ལག་རྩལ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བ་དང་བསྟུན་སྡེར་སྐུལ་ གྱི་འཕེལ་རྒྱས་མགྱོགས་ཚད་ཀྱང་ཤིན་ཏུ་མྱུར། མིག་སྔར་ཁྲོམ་ར་ན་རྒྱུགས་ཆེ་བའི་སྡེར་སྐུལ་ལ་ཟེར་སྡེར་དང་། ཨང་སྡེར་སྐུལ་ཆས་སོགས་སུ་ཡོད་ཅིང་། དེ་དག་རེ་རེ་ལའང་ཀློག་བྱེད་རྐྱང་བ་དང་ཀློག་བྱེད་དང་སྲེག་ཕབ་ཀྱི་ནུས་པ་ཟུང་ ལྡན་གྱི་སྡེར་སྐུལ་རིགས་གཉིས་སུ་ཡོད་དོ།།
༡༠. གློག་ཁུངས། Power supply 电源
༈ གློག་ཁུངས་ནི་རྩིས་འཕྲུལ་གྱི་ནུས་པའི་འབྱུང་ཁུངས་ཏེ། དེ་ཡིས་སྤྱིར་བཏང་གི་གློག་ཤེད་དེ་གཙོ་གདན་གྱིས་ཐད་ཀར་བཀོལ་ཆོག་པའི་གློག་ ཤེད་དུ་བསྒྱུར་ནས་རྩིས་འཕྲུལ་གྱི་ནང་གི་ལྷུ་ཚན་སྣ་ཚོགས་ལ་མཁོ་བའི་གློག་ཤེད་ འདོན་སྤྲོད་བྱེད་ཀྱིན་པས། གློག་ཁུངས་ཀྱི་བཟང་ངན་གྱིས་ཐད་ཀར་རྩིས་འཕྲུལ་གྱིས་རྒྱུན་ལྡན་ངང་བྱ་བ་སྒྲུབ་ ནུས་མིན་ཐག་གཅོད་བྱེད་ཅིང་། ད་དུང་དེ་ལས་བྱུང་བའི་གློག་ཤེད་ཚད་ལྡན་དང་གཏན་འཇགས་ཡིན་མིན་གྱིས་ལྷུ་ཚན་ ཡོངས་ཀྱི་སྤུས་ཚད་དང་། བཀོལ་ཡུན། གཤིས་ནུས་སོགས་ལའང་ཤུགས་རྐྱེན་ཐེབས་ངེས་སོ།།
༡༡. འཕྲུལ་སྒམ། Chassis 机箱
༈ འཕྲུལ་སྒམ་ནི་རྩིས་འཕྲུལ་གྱི་ནང་གི་སྲ་ཆས་སྣ་ཚོགས་གཞུག་སའི་སྒམ་སྟེ། རྩིས་འཕྲུལ་གྱི་ནང་གི་སྲ་ཆས་རྣམས་བསྒྲིགས་རིམ་ལྡན་པའི་སྒོ་ནས་དེའི་ནང་དུ་ མཉམ་པོར་བཅུག་ཡོད་པས། ལྷུ་ཚན་དེ་དག་གི་འཁོར་བསྐྱོད་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད་པར་མ་ཟད། གློག་སྡུད་ཁྱབ་འགྱེད་ཀྱི་ངོས་རྣམས་ནུས་ལྡན་དུ་སྲུང་སྐྱོབ་བྱེད་པས་རྩིས་ འཕྲུལ་སྤོར་སྒུལ་བྱེད་པར་སྟབས་བདེའང་བཟོས་འདུག



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,