ལྕགས་ཀྱི་ཨ་ལོང་ལྟ་བུའི་བདག་གི་སེམས་ཁམས།

QQ图片20140615135358རྩོམ་པ་པོ་་་་་་་་་་་་་་་སྒོ་བུ་ཚེ་གྲུབ།

ངས་མེ་ཏོག་མ་ཡིན་པའི་མེ་ཏོག་ལྗང་ལོ་ཅན་དེ་དག་མཐོང་མི་འདོད
ངས་རླུང་བུ་མ་ཡིན་པའི་རླུང་བུ་ཕྱི་ནང་ཅན་དེ་འཚོལ་མི་འདོད

རྒྱུན་མཚན་རི་རབ་འདྲ་བ་དག་གི་ཕག་རྒྱབ་ནས
ངས་སུ་ལའང་རང་ཉིད་ཀྱི་སྐྱི་སྤགས་འདིའི་སྲབ་མཐུག་བརྗོད་དོན
ཉེ་འཁོར་ན་དྲག་ཤུགས་ཀྱིས་འཕྱུར་བའི་མིའི་བརྩེ་བ་འདི་ལ
རང་ཉིད་མ་གཏོགས་སུས་ཀྱང་གུ་ཡང་གནང་འདོད་མེད

འདི་ནི་ཚོར་ཤུགས་ལ་བརྒྱུས་པའི་ཧོལ་རྒྱུགས་ཀྱི་བཟི་གཏམ་མིན
འདི་ནི་ཤ་ཁྲག་ལ་བསྟར་བའི་ཕྱོགས་ཞེན་གྱི་གུ་རེ་མིན

བསམ་བློའི་ཟབ་ཚད་ལ་གཤོག་ཟུང་རྒྱས་པའི་རང་བཀུར་གྱི་ང་རྒྱལ་དེས
ངའི་རང་དབང་གི་རྩིགས་སྡེབས་ངོས་སུ་བབས་པའི
གླེན་སྐུགས་དང་མཚུངས་པའི་ཤ་རུས་ཀྱི་རི་མོ་འདི་དག
གཞན་དབང་རྐྱང་རྐྱང་གིས་བསྩལ་བའི་སྐྱུགས་བུ་ནར་མོ་དེ་མ་ཡིན
ཕྲེང་རྡོག་རེ་རེ་བཞིན་བདག་གིས་ཀྱང་བདག་དང་བཅས་པའི་མིའི་ངོ་གདོང་ལ
ཚང་བརྩིས་བྱ་བའི་བགོ་སྐལ་ཡོད

དཀོན་མཆོག་ཟེར་བའི་ཐུ་བོ་ཅན་དེ་དག
སྐྱབས་ཡུལ་ཟེར་བའི་ཨུ་ཚུགས་ནར་ནར་པོ་དེ་དག
རང་རང་གི་ཁ་ཕྱོགས་ཤིག་འཚོལ་འདོད་པ་ནི
མིའི་ལྷན་སྐྱེས་སུ་བཏེགས་པའི་འོད་ཀྱི་ཐིག་ལེ་རུ་བགྲང་ན
ངས་ཨུ་ཤུ་འདེབས་སའི་མཆི་མའི་ཁ་དོག་ལ
ལས་འབྲས་ཀྱི་རྒྱུ་རྐྱེན་རྟ་རྔ་ཙམ་ཡང་རེག་མ་བྱུང་བ་ག་ལ་ཡིན

ཕ་མ་ཟེར་བའི་རིན་བྲལ་གསེར་གྱི་རི་བོ་ཞིག
བུ་ཕྲུག་ཟེར་བའི་ཐན་ལྟས་ཀྱི་སྙིགས་རོ་སྐྱུར་མོ་ཞིག
ཕུ་ནུ་ཟེར་བའི་འབྱར་བག་ཚ་བའི་ཞེ་གཏིང་གི་བློ་རྩེ་འདི
ལམ་གྱི་བདེན་པ་དང་བདེན་པའི་འབྱུང་འགྱུར་ཁྲོད
འོད་ཡུག་ཡུག་འབབ་པའི་ཁ་བའི་མེ་ཏོག་གི་མཛེས་སྡུག་དེ་ཡིན་ན
བདག་ལ་བདག་གི་དྲོད་ཁོལ་འབར་བའི་སྙིང་ཉེ་བའི་ལག་འཇུ་བྱ་རོགས
བདག་ལ་བདག་གི་འདྲ་མཉམ་དང་ཕྱི་ནང་མེད་པའི་སེམས་གསོ་གཏོང་རོགས

སྐྱེ་བ་འདིར ལས་སྐལ་འདིས
སུ་ཞིག་ལ་དགའ་ཞེན་གྱི་གསེར་ཁུ་སྙིམ་པ་གང་བོ་འདི
སེམས་ཚོར་གྱིས་ཀླུབས་པའི་མཛའ་དུངས་འདིའི་སྤྱི་གཙུག་ནས་རྐང་མཐིལ་བར
རང་དབང་དང་ཡིད་ཆེས་ཀྱི་བགོ་བཤའ་རྒྱག་རོགས

ཉི་མ་རེ་རེ་བདག་གི་མིག་མདུན་ནས་མངོན་སུམ་དུ་བཞུད་དུས
བྱིའུ་ཆུང་གི་སྒྲོ་སྤུ་ལྟར་ཡང་ཞིང་གཡོ་བའི་སྐྲ་ལོའི་རིང་ཚད
དུས་ཚོད་ཀྱི་དམར་མཆོད་གང་མང་ཁྲོད
བགྲང་བྱ་ཉེར་བརྒྱད་ཀྱི་སྐས་ཐག་རིང་བོ
རང་ཉིད་ཉོབ་དོང་དུ་དཔྱང་བའི་ལྕེབས་ཐག་ཁོ་ན་མིན་པ
འཆི་བའི་སེམས་ཁམས་དང་རང་དབང་གིས་བདེན་ལུགས་སྟེར་ངེས



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,