ལྷ་བཟོ་བློ་གྲོས།

ལྷ་བཟོ་བློ་གྲོས་ནི(སྤྱི་ལོ༡༨༣༡་་་་༡༩༡༩)དགུ་ཆུ་དལ་བ་རིང་མོ་ལྷུང་ལྷུང་དུ་བཞུར་བའི་རྒྱུད་སྒོ་དམར་སྟོང་སྡེ་རུ་རབ་བྱུང་བཅུ་བཞི་བའི་ལྕགས་ཡོས་ལོར་འཁྲུངས་ཤིང་། རབ་བྱུང་བཅོ་ལྔ་བའི་ས་ལུག་ལོར་རང་དགོན་ཏུ་འདུས། ཡབ་ཀྱི་མཚན་ལ་དཔལ་འབྱོར་ཟེར་ཞིང་བརྐོ་བཟོ་ལ་ཤིན་ཏུ་མཁས་པ་ཞིག་རེད། ཡབ་རྗེ་གསེར་ཁང་བ་དང་། སྒོ་དམར་གྲུབ་དབང་ཚང་། ཨ་རོལ་རིན་པོ་ཆེ་བཅས་ལ་ཆོས་འབྲེལ་ཟབ་ཅིང་། སྦྱིན་བདག་གཙོ་བོ་ཞིག་ཀྱང་ཡིན་ལ་ཆོས་དཔེ་དང་དཔར་རིས་ཆེས་མང་པོ་ཞིག་བརྐོས་མྱོང་།

དཔལ་འབྱོར་ལ་བུ་གསུམ་སྐྱེས། བུ་ཆེ་བ་ལྷ་འབུམ་རྒྱལ། འབྲིང་བ་བློ་གྲོས། ཆུང་བ་ཀླུ་རྒྱལ་ཡིན། བློ་གྲོས་བྱིས་པ་ཡིན་དུས་དཔོན་བསོད་ནམས་ཀྱི་གཞིས་ཁྱིམ་ལ་བུ་སྐལ་དུ་བྱིན་པར་བཤད། ལྷ་འབུམ་རྒྱལ་དང་ཀླུ་རྒྱལ་གཉིས་ཀྱིས་ཡབ་ཀྱི་སློབ་གསོའི་ཤན་ཤུགས་འོག་ཏུ་ཆུང་དུས་ནས་བརྐོ་བཟོ་རིག་པ་སྦྱངས། ལྷ་འབུམ་རྒྱལ་ནི་བཀྲ་ཤིས་འཁྱིལ་དུ་ལྷ་བཟོ་བློ་གྲོས་ལ་སྒྱུ་རྩལ་གྱི་འགྲན་བཙུགས་ཏེ། ཨ་རོལ་ལུང་རིགས་རྒྱ་མཚོས་ཤན་འབྱེད་གནང་པའི་ལོ་རྒྱུས་ཅན་གྱི་མཁས་པ་དེ་ཉིད་ཡིན་ཞིང་། ཀླུ་རྒྱལ་ནི་རྒྱ་ནག་རི་བོ་རྩེ་ལྔ་དང་ཁྲི་འདུ་དགོན། ཨ་ལག་ཤ་དགོན་པ་སོགས་ལ་དཔར་རིས་མང་དུ་རྐོ་མཁན་དང་། ཨ་ལག་ཤའི་བྱང་དགོན་སྤྲུལ་སྐུས་མཛད་པའི(ཙི་ཧྲིན་གྱི་བསང་མཆོད་སྤྲིན་གྱི་རོལ་མོ)ཞེས་པའི་མཇུག་རྩོམ་དུ་གསལ་བའི་ཞུ་བ་པོ་དེ་ཉིད་དོ།། ཁ་ཅིག་གིས་བློ་གྲོས་དགུང་ལོ་ཉེར་དགུའི་ཐོག་རི་མོ་སྦྱང་མགོ་བརྩམས་ཞེས་བཤད་ཀྱང་། མི་བདེར་པར་སྣང་། ཅི་ཡིན་ཞེ་ན། སྤྱི་ལོ༡༨༦༡་ལོར་སྒོ་དམར་དུ་འཆམ་བཙུགས་པ་ཡིན་ལ། ལོ་དེར་ཞལ་འབག་རྣམས་བློ་གྲོས་ཀྱིས་བཞེངས་ཟིན་རྗེས། སྒོ་དམར་གྲུབ་དབང་དང་ཙང་ང་སྤྲུལ་སྐུ་གཉིས་ཀྱིས་ཞལ་འབག་རྣམས་དངོས་བྱོན་དང་ཁྱད་ཡེ་ནས་མི་འདུག་ཅེས་བསྟོད་བསྔགས་མཛད་མྱོང་། ཡོངས་གྲགས་ཀྱི་བཤད་ཚུལ་ལ་ཡང་། སྒོ་དམར་གྱི་འཆམ་འབག་རྣམས་རང་བྱོན་ཡིན་ཟེར་དོན་ནི། བློ་གྲོས་ཀྱིས་འཆམ་འབག་དེ་དག་ཐེངས་བཅུ་གསུམ་ལ་བསྐྱར་བཟོ་བྱས་ཀྱང་། ད་དུང་ཁོའི་བློ་ངོ་ན་མཆིས་པའི་སྒྱུ་རྩལ་གྱི་བློས་བསླངས་དེ་འདྲ་ཞིག་བཞེངས་མ་ཐུབ་པའི་སྡུག་ཡུས་ཀྱིས་ཞལ་འབག་རྣམས་གོར་སྲེག་ཁང་དུ་གཡུགས་བཞག་ཅིང་། མཚན་ཞིག་ལ་ཆར་བ་ཆེན་པོ་བབས་ནས་གོར་ཁང་ཐིགས་ཆུས་ཁེངས། ཕྱི་ཉིན་ཞོགས་པར་བློ་གྲོས་འཆམ་འབག་ལ་བལྟ་རུ་སོང་སྐབས། ཞལ་འབག་རྣམས་གཤོང་ས་གཤོང་བ་དང་འབུར་ས་འབུར་དུ་ཐོན་ཡོད་པས། འཇམ་བརྡར་ཞིག་རྒྱག་དགོས་པ་མ་གཏོགས་ཐིགས་ཆུས་བཟོས་པ་ཇི་བཞིན་རང་སོར་བཞག་པས་དེ་ལྟར་ཐོགས་པར་བཤད། ཕྱིས་སུ་སེངྒེ་གཤོང་གི་འཇིམ་བཟོ་མཁས་ཅན་དགེ་སློང་བསྟན་འཛིན་གྱིས་སྒོ་དམར་གྱི་འཆམ་འབག་མ་ཕྱིར་བླངས་ཏེ། ཡ་འགོ་དགོན་པའི་འཆམ་འབག་རྣམས་བཞེངས་པ་ཡིན་ཡང་། ཇི་ལྟ་བུ་ཞིག་བཟོ་མ་ཐུབ་ཅེས་པའི་བཤད་ཚུལ་ལ་དཔག་ན། སྐབས་དེར་བློ་གྲོས་ཀྱི་སྒྱུ་རྩལ་གོ་རྟོགས་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཤེས་ཐུབ། སྤྱི་ལོ༡༨༦༢ལོར་ལྷ་བཟོ་བློ་གྲོས་དང་རྣམ་རྒྱལ། གཉན་ཐོག་སྐར་མ། སེངྒེ་གཤོང་རྡོ་ཐར་བཅས་ཀྱིས་དབུ་ཆེན་གྱི་འགན་འཁུར་ནས་སྒོ་དམར་འདུ་ཁང་གི་མཛད་བརྒྱའི་གྱན་ཐང་རྣམས་བཞེངས་པ་ཡིན་ལ། དུས་སྐབས་དེར་རྐ་སར་ལྷ་རིས་པ་དང་། སྒོ་དམར་བློ་གྲོས། སེངྒེ་གཤོང་རྡོ་ཐར། གཉན་ཐོག་སྐར་མ་བཞི་ལ་སྤྲུལ་བའི་བཟོ་བོ་རྣམ་བཞི་ཞེས་རེབ་གོང་དུ་སྐད་གྲགས་ཆེ་བ་བྱུང་འདུག སྤྱི་ལོ༡༩༠༥་་༡༩༠༦ལོའི་ཡས་མས་ཤིག་ལ་ཞྭ་དམར་པཎ་ཏའི་གདན་ས་ལྡི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སུ་རྗེ་ཙོང་ཁ་བའི་མཛད་ཐང་དང་། ཇོ་བོ་རྗེའི་མཛད་ཐང་བསྡུས་པ། མཁའ་སྤྱོད་སྐོར་གསུམ། ཆོས་རྒྱལ་ཕྱི་ནང་སྐོར་གསུམ་སོགས་ཐང་ག་ཉི་ཤུ་ལྷག་བྲིས་བཞེངས་མཛད་ཅིང་། དེའི་གྲས་ཀྱི་རྗེའི་མཛད་ཐང་གཉིས་སྤྱི་ལོ༡༩༩༠ལོར་ཞྭ་དམར་ཚང་གི་ནང་ཆེན་དུ་བཞུགས་པ་དེའི་མཐོ་ཚད་ལ་ཁྲི་ཙི་གསུམ་ཙམ་དང་ཞེང་དུ་ཁྲི་ཙེ་གཉིས་དང་ཕྱེད་ཡོད་མེད་ཅིག་རེད། དེ་ཡང་ས་གཞི་མང་ཤོས་ལྗང་སྐྱ་བཀོལ་བ་ཤུགས་ཆེ་ཞིང་། ཚོན་མདངས་ཡོད་ཚད་བཙག་མདངས་ཡིན་པས་དངོས་གནས་མཚར་སྣང་ཆེ། ལྷག་པར་དུ་གཙུག་ལག་ཁང་དང་གུར་ཁང་རྣམས་བོད་བཟོའི་འབྲི་སྟངས་ཤ་སྟག་ཏུ་འདུག སྤང་རི་དང་གངས་རིའི་ལྟག་པར་ཞོགས་པའི་མཚམས་སྤྲིན་གྱི་སྣང་མདོག་ཅན། སྤྲིན་དཀར་ལྡིང་བའི་དབུས་སུ་ལྷ་མོ་དབྱངས་ཅན་མས་ཕྱག་ཏུ་པི་ལྦང་བསྣབས་ཏེ་འཛུམ་མུལ་ལེར་ཙོག་པུའི་ཚུལ་དུ་བཞུགས་ཡོད། འདུ་ཁང་ཁྱམས་ཀྱི་རྒྱལ་ཆེན་བཞིའི་ལོགས་རིས་ཀྱང་ལྷ་བཟོ་བློ་གྲོས་ཀྱིས་བྲིས་པ་ཡིན་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལྡེ་ཚར་སློབ་གཉེར་གནང་སྐབས་རྒྱལ་ཆེན་འདིའི་འདྲ་རིས(སྐྱ་རིས་ཡིན་ནམ་སྙམ)གཉིས་བྲིས་པ་གཅིག་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ལ་ཕུལ། གཅིག་རང་ཉིད་ཀྱིས་ཉར་ཚགས་གནང་ཡོད་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ཀྱིས་མཐོང་མྱོང་བར་བཤད། སྔ་ཕྱི་གང་ཡིན་གསལ་བོ་མ་ངེས(ཧ་ལམ་སྤྱི་ལོ༡༨༩༡་་༡༨༩༣་བར་ཡིན་པ་འདྲ)ཀྱང་། ༸གོང་ས༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་ཡོངས་འཛིན་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་ཚང་ལ་འཇིགས་བྱེད་བསྙེན་ཐང་དང་། ལྷ་མོའི་ནག་ཐང་། ན་རོ་མཁའ་སྤྱོད་མ། ཀུན་རིག ཆོས་རྒྱལ་ཞལ་ཐང་སོགས་བཞེངས་པ་དང་། ལྷག་པར་དུ་འཇིགས་བྱེད་བསྙེན་ཐང་དེ་བྱིན་རླབས་ཤིན་ཏུ་ཆེ་བ་མ་ཟད། ད་དུང་ཐུན་མིན་གྱི་ལོ་རྒྱུས་ཞིག་ཀྱང་མཆིས་པ་འདི་ལྟར། སྤྱི་ལོ༡༩༠༣ལོར་དབྱིན་ཇིའིདམག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་རྒྱལ་དབང་བཅུ་གསུམ་པས་དབྱིན་ཇིའི་དམག་བཟློག་ཕྱིར་བདེ་ཡངས་ཚང་གིས་དྲག་པོའི་ལས་སྦྱོར་གནང་དགོས་པའི་བཀའ་བསྒྱུར་བ་ལྟར་བསྒྲུབས་པས་དབྱིན་ཇིའི་དམག་ལ་བཤལ་ནད་བྱུང་ནས་མང་པོ་དུས་ལས་འདས་ཤིང་། མཐར་དབྱིན་ཇིའི་དམག་ཕྱིར་ལོག་དགོས་བྱུང་བར་གྲགས། ལས་སྦྱོར་གནང་བའི་སྐབས་དེར་འཇིགས་བྱེད་ཐང་ག་ལས་བདུས་རྩི་བབས་པ་དང་འཚུབ་ལྷོང་བྱུང་བར་བཤད། དེ་ནས་དྲག་པོའི་ལས་སྦྱོར་མཚམས་འཇོག་དགོས་ཞེས་གསུང་འཕྲིན་ཕེབས་པར་གྲགས། དེ་ལྟ་བུའི་བྱིན་རླབས་དང་ལོ་རྒྱུས་ལྡན་པའི་ཐང་དེ་ཕྱིས་སུ༸་གོང་ས་མཆོག་ལ་ཕུལ་བ་དེང་སང་གང་དུ་ཡོད་མེད་རྩད་་གཅོད་པར་བྱ། མདོར་ན་ཁོང་གིས་བསྐྲུན་པའི་སྒྱུ་རྩལ་གྱི་སྣང་བརྙན་མདོ་སྨད་ཀྱི་དགོན་སྡེ་དང་ཡུལ་གྲུ་ཁག་མང་པོ་ཞིག་ཏུ་བཞུགས་ཀྱང་མང་ཤོས་རྐྱེན་དབང་གིས་འཇིག་ཟིན། དེང་སང་དངོས་སུ་མཐོང་རྒྱུ་ཡོད་པ་དཔེར་ན། སྒོ་དམར་དགོན་པའི་བྱམས་ཁང་ཁྱམས་ཀྱི་རྒྱལ་ཆེན་བཞི་དང་། ཨ་མྱེས་རྨ་ཆེན་སོགས་ལྡེབས་རིས་སྐོར། བྱམས་ཁང་གི་ཤིང་ཚོན་སོགས། ཞལ་འབག་གི་སྐོར་ལ་ཨ་ཙ་ར་སོགས་དང་། སྒོ་དམར་དགོན་ཁང་གི་ལྩམ་སྲིང་ཐང་ག རྫོང་དཀར་དགོན་པའི་རྟེན་གཙོ་སྒོ་དམར་གྲུབ་དབང་ཚང་གི་མཁའ་སྤྱོད་མའི་བསྙེན་ཐང་། རོང་བོ་དགོན་ཆེན་དུ་བཞུགས་པའི་གྲུབ་ཆེན་བརྒྱད་ཅུ་དང་། མཁའ་སྤྱོད་མའི་ཞིང་བཀོད་སོགས་ཀྱི་ཐང་ག དཔར་སྐྲུན་བྱས་པའི་རིགས་ལ་ཟི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་(ཐང་གའི་སྒྱུ་རྩལ)ཞེས་པའི་བརྙན་དེབ་ཀྱི་ཤོག་ངོས༡༡༦སྟེང་གི(གྲུབ་ཆེན་བརྒྱད་ཅུ)་དང་། མི་དངམས་མཛེས་རྩལ་པར་སྐྲུན་ཁང་གིས་བསྐྲུན་པའི་(ཀྲུའི་ནེ་ཀྲིན་གྱི་བཟོ་རྩལ་ཟིན་དེབ)ཅེས་པའི་ཤོག་ངོས༡༩ཐོག་གི་(གནས་བརྟན་བཅུ་དྲུག)དང་། ཀྲུང་གོ་མི་རིགས་དཔར་བརྙན་སྒྱུ་རྩལ་ཁང་གིས་བསྐྲུན་པའི་(རེབ་གོང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ)ཞེས་པའི་ཤོག་ངོས༦༢སྟེང་གི་(སྟོན་པའི་མཛད་བཅུ)་དང་ཤོག་ངོས༩༦ཐོག་གི(འཕགས་པ་འཇམ་དཔལ་གཙོ་འཁོར)་ཡང་ཤོག་ངོས༡༠༤སྟེང་གི(སྒྲོལ་མའི་རླུང་རྟ)། ཤོགས་ངོས༡༠༧སྟེང་གི་(སྒྲོལ་དཀར)། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི(བོད་ཀྱི་ལྷ་རིས་སྒྱུ་རྩལ)ཞེསཔའི་དཔེ་དེབ་ཀྱི་ཤོག་ངོས༢༧ཐོག་གི(མཁའ་སྤྱོད་དབང་མོ)དང་། ཡང་ཤོག་ངོས༤༤སྟེང་གི(རྒྱལ་དབང་ལྔ་བ)། ཤོག་ངོས༧༧་སྟེང་གི(མཐོང་གྲོལ་མཆོད་རྟེན)་དང་། ཧོའུ་ནན་མཛེས་རྩལ་དཔར་སྐྲུན་ཁང་གིས་པར་དུ་བཏབ་པའི(རེབ་གོང་སྒྱུ་རྩལ)ཞེས་པའི་ཤོག་གྲངས༢སྟེང་གི(སྟོན་པའི་མཛད་བརྒྱ)སོགས་མི་ཉུང་བ་ཞིག་བཞུགས་ཀྱང་། རེ་རེ་བཞིན་བརྗོད་ན་ཡིག་ཚོགས་ཆེ་བས་མི་སྤྲོའོ། །ལར་གོང་དུ་སྨྲ་བ་དེ་དག་ནི་ཁོང་གི་ཚབ་བྱེད་རང་བཞིན་གྱི་སྒྱུ་རྩལ་བརྩམས་ཆོས་ཁག་ཡིན་ལ། ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་དེ་དག་གིས། བོད་ཀྱི་མཛེས་རྩལ་རི་མོའི་གཞུང་ལུགས་ལ་བགྲོད་ལམ་གསར་པ་ཞིག་བཏོད་ཡོད་དོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,