སེམས་སྟེང་གི་བསླབ་བྱ་ཕྲན་བུ།

རྩོམ་པ་པོ།དགེ་འདུན་འཕྲིན་ལས།
ཀ་ཁ་དབྱངས་ལ་གྱེར་བའི་ན་ཆུང་གི་སློབ་མ།།
ཁ་ལེན་ཚིག་བརྩི་བྱེད་པའི་ཡ་རབས་ཀྱི་སྤྱོད་བཟང་།།
ག་ས་གང་ནས་རིག་པའི་གཞུང་ལུགས་ལ་བརྩོན་ན།།
ང་ཚོ་ན་གཞོན་རྣམས་ཀྱི་མཛད་རྗེས་ནི་འདི་ཡིན།།

ཅ་ཅོ་འདུ་འཛི་ཆེ་བའི་གྲོང་ཁྱེར་ལ་འགྲིམ་ན།།
ཆ་ལུགས་ངན་སྤངས་ཀུན་སྤྱོད་བཟང་བོ་དང་འགྲོགས་ནས།།
ཇ་རྐྱང་རྩམ་རྐྱང་བཞེས་པའི་སྣོད་ལྡན་གྱི་སློབ་མ།།
ཉ་ཉོག་གཏམ་ངན་མ་ཉན་མདུན་ལམ་ལ་བརྩོན་ཅིག།།

ཏ་ལེན་ཕྲག་ཏུ་ཁུར་བའི་སྤྲང་པོ་ཞིག་ཡིན་རུང་།།
ཐ་ན་བོད་པ་ཚང་གི་བདེ་སྡུག་གི་ཆེད་དུ།།
ད་ལྟ་ཉིད་ནས་ཤེས་བྱའི་སྐྱེད་ཚལ་ལ་འགྲིམ་ནས།།
ན་ཚོད་གཞོན་དུས་ཤེས་བྱ་སྣ་ཚོགས་ལ་སློབས་ཤིག།།

པ་སངས་ལྟ་བའི་ལྷག་བསམ་དཀར་པོ་ཡི་ངོས་ནས།།
ཕ་སྐད་གཙང་མ་བརྗོད་པའི་ཆོད་སེམས་ཤིག་བཞག་སྟེ།།
བ་གླང་ལྟ་བུའི་ཨུ་ཚུགས་མཁྲེགས་འཛིན་གྱི་ལས་སོགས།།
མ་རབས་ཐ་ཤལ་སྤྱོད་པའི་གླེན་རྟགས་དེ་དོར་ཅིག།།

ཙ་རི་གནས་ཆེན་འགྲིམ་པའི་སློབ་ཆེན་གྱི་སློབ་མ།།
ཚ་གྲང་བཀྲེས་སྐོམ་དཀའ་སྡུག་ཚད་མེད་ནི་མྱངས་ཏེ།།
ཛ་ལང་སྤྱོད་པ་རང་རྒྱུད་རྩ་བ་རུ་དོར་ནས།།
ཝ་ལེར་རིག་གཞུང་བརྩོན་པའི་སློབ་མ་རྣམས་མཚར་བ།།

ཞྭ་གོས་གྱོན་ཆས་ཕྱོགས་ལ་ཆ་རྐྱེན་ནི་མེད་ཀྱང་།།
ཟ་མ་ལོངས་སྤྱོད་ཕྱོགས་ལ་དཀའ་ཁག་ཡང་ཆེ་ལ།།
འ་ཅག་བོད་མི་རྣམས་ཀྱི་འབྱུང་འགྱུར་གྱི་ཆེད་དུ།།
ཡ་མཚན་ཅན་གྱི་རིག་གནས་མཐའ་དག་ལ་བརྩོན་ཅིག།།

ར་བ་གཅིག་ནས་ཕྱིན་པའི་གཤིས་བཟང་གི་སློབ་མ།།
ལ་ལུང་ཡུལ་ཁམས་འགྲིམ་དུས་རང་ཡུལ་ནི་མ་བརྗེད།།
ཤ་རུས་གདུང་རྒྱུད་གཅིག་པའི་བོད་མི་ཚོའི་བདེ་སྡུག།།
ས་ཕྱོགས་གཞན་དུ་ཕྱིན་ཀྱང་སྙིང་ནས་མ་དོར།།

ཧ་གོ་ཨེ་བྱུང་རང་ཡུལ་གཅིག་པ་ཡི་སློབ་མ།།
ཨ་མའི་སློབ་གསོ་ཡིད་ལ་དམ་པོ་ཞིག་བཅིངས་དགོས།།
ཧ་ཨང་རྒྱས་པར་མི་བརྗོད་སེམས་གཏིང་གི་བསླབ་བྱ།།
ཨ་ཁུ་འཕྲིན་ལས་ཞེས་པའི་མིང་ཅན་གྱིས་བྲིས་སོ།།
༢༠༡༡ལོའི་ཟླ་༡༡པའི་ཚེས་༥ཉིན་རང་ཤག་ཏུ་བྲིས་པའོ།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,