སྒོ་དམར་གྲུབ་ཆེན་ལ་ཕུལ་པའི་ཆབ་ཤོག

ཡོང་ཁུངས། ངེད་དྲ་བ། སྐུ་གཞོགས་བློ་བཟང་ལུང་རིགས།
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་མཚུངས་མེད་བཤེས་གཉེན་མཆོག་གི་ཞབས་དྲུང་དུ།
ཕྲན་སྙོམ་ལས་པ་རྒན་པོས་སོར་བཅུ་སྤྱི་བོར་བཀོད་དེ་གསོལ་བ་འདེབས་པའི་སྙིང་བོ་ནི། དེ་ཡང་སྐྱེ་དགུ་རྣམས་ལ་མངོན་མཐོ་ངེས་ལེགས་ཀྱི་བདེ་དགའ་མ་ལུས་པ་འབྱུང་བའི་གནས་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ། བསྟན་པ་རིན་པོ་ཆེ་དེ་ཉིད་ལུས་ཅན་ཀུན་གྱི་ཕན་བདེ་གཞིར་ཡུན་རིང་དུ་གནས་པ་ཡང་། བསྟན་འཛིན་གྱི་སྐྱེས་པུ་ཞབས་པད་བསྟན་པ་ལ་རག་ལས་ཤིང་། ཐབས་ཤེས་ཀྱི་རྩལ་ཡོངས་སུ་རྫོགས་པའི་དམ་པ་རྣམས་ནི་གདུལ་བྱ་རྣམས་ཅི་ཙམ་སྙིགས་མ་ལྔ་བདོའི་སྤྱོད་པ་ལྷག་པར་བདོ་བ་དེ་ཙམ་དུ་བཟོད་སྟོབས་དང་། སྙིང་རྗེའི་གོ་ཆ་བླ་ལྷག་ཏུ་བགོས་ཏེ་གདུལ་བྱ་རྣམས་བུ་གཅིག་པའི་མ་ལྟར་སྐྱོང་བ་ནི་སྔོན་གྱི་ཐུགས་བསྐྱེད་ཀྱི་དམ་ཚིག་ཡིན་པས། དམ་པ་ཉིད་ནས་ཀྱང་དེ་ལྟ་བུའི་འཕགས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་བདག་གིར་བཞེས་ཏེ་ཕལ་བའི་སྣང་ངོར་དང་བསྟུན་པའི་དགུང་གེགས་དང་སྐུ་བསྙུན་སོགས་བཞེས་ཚུལ་གཏན་ནས་མི་མཛད་པར། སྐུ་ཁམས་མྱུར་དྭངས་ཀྱི་ངོས་ནས། སྤྱིར་བསྟན་པའི་འཕེལ་རྒྱས་དང་འགྲོ་བའི་བདེ་སྐྱིད་ལ་དགོངས་པ་དང་། ཁྱད་པར་རྗེས་འཇུག་གི་སློབ་འབངས་རྣམས་ལ་ཐུགས་རྗེས་ལྷག་པར་དགོངས་ཏེ། མགོན་སྐྱབས་དང་དཔུང་གཉེན་དུ་ཞབས་པད་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་ནས། ཟབ་རྒྱས་གདམས་པའི་བདུད་རྩིའི་དགའ་སྟོན་ཆད་མེད་དུ་སྩོལ་བ་དང་། བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་སྤེལ་བའི་ཐུགས་བཞེད་ནམ་ཡང་ཉམས་པ་མེད་པ་མཁྱེན་མཁྱེན་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས་ན། ཇི་ལྟར་གསོལ་བ་བཏབ་པའི་རེ་འབྲས་དོན་སྨིན་གྱི་ཞལ་བཞེས་བདུད་རྩིའི་ཐིགས་ཕྲེང་།དགའ་བདེའི་ཡིད་ཀྱི་གསོལ་སྨན་དུ་སྩོལ་པར་ཞུ་ཞེས་རྟེན་དྲི་བྲལ་ལྷ་ཡི་རེག་བྱ་ཆེ་ལེགས་བཅས་ཟླ་༥་ཚེས་༡༡་ལ་ཕུལ།།
ཞེས་པ་འདི་ནི་སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོའི་གསུང་འབུམ་ལས་བཤུས་སོ།། བཀྲ་ཤིས།།
སྒོ་དམར་མཁན་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོ།
ཕུལ་བྱུང་དགེ་ལ་འདུན་པའི་ཐུགས་བསྐྱེད་མཐུས།།
མཁས་བཙུན་བཟང་བོའི་འོད་སྣང་འབུམ་སྤྲོས་པས།།
བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས་མཛད་པའི།།
མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས།།

བསླུ་མེད་བླ་མ་མཆོག་གསུམ་བྱིན་རླབས་དང་།།
ཚེ་སྦྱིན་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་མཐུས།།
མགོན་ཁྱོད་ཞབས་པད་མི་འགྱུར་རྡོ་རྗེ་ལྟར།།
བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་པར་ཤོག།

བདག་སོགས་དད་ལྡན་གདུལ་བྱའི་ཚོགས་རྣམས་ཀུན།།
འབྲལ་མེད་རྗེས་བཟུང་བཀའ་བཞིན་སྒྲུབ་པ་དང་།།
བསྟན་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་ནས།།
གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་འགྲུབ་ཤོག།
ཅེས་བཤད་སྒྲུབ་བསྟན་པའི་མངའ་བདག་སྒོ་དམར་མཁན་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདི་འདྲ་ཞིག་དགོས་ཞེས་དམ་པ་ཉིད་ཀྱི་ཉེ་གནས་རི་ཁྲོད་པ་ཤེས་རབ་ཡར་འཕེལ་གྱིས་ལྷ་རྫས་བཅས་བསྐུལ་ངོར་སྤྲང་བཙུན་བློ་བཟང་ལུང་རིགས་རྒྱ་མཚོས་དབེན་གནས་བཀྲ་ཤིས་ཆོས་རྫོང་དུ་སྦྱར་བའོ།།
ཞེས་པ་འདི་ནི་སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོའི་གསུང་འབུམ་ལས་བཤུས་སོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,