སྒོ་དམར་དང་ཆུ་མ་གཉིས་མ་འགྲིག་པའི་སྐོར།

རྩོམ་པ་པོ….. ཚངས་དབང་དགེ་འདུན་བསྟན་པ།

དེ་ཡང་བཙན་པོ་ནོ་མུ་ཧན་གྱི་༼འཛམ་གླིང་རྒྱས་བཤད༽་དུ། བྱང་དུ་རོང་པོ་ཟེར་བའི་སྡེ་ཆེན་པོ་ཡོད། སྡེ་དེ་གའི་ཁོངས་སུ་རོང་པོ་དགོན་ཆེན་སོགས་སྒྲུབ་སྡེ་ཆེ་ཆུང་མང་བོ་དང་། གྲུབ་པ་ཐོབ་པའི་གནས་བརྒྱད་སོགས་སྒྲུབ་གནས་གྲགས་པ་ཅན་མང་པོ་ཡོད། ཡུལ་དེའི་མི་རྣམས་ཤིན་ཏུ་གཏུམ་ཞིང་ནང་ཕན་ཚུན་གཡུལ་སྤྲད་པ་དགའ། ཞེས་གསུངས་པ་ནི་ཤིན་ཏུ་བདེན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། ནང་དམེ་ལ་དགའ་བ་ནི་རྡོ་སྦིས་ལས་ཆུང་ཞིང་རེབ་གོང་ལས་ཆེ། ཞེས་པ་དང་། གཡུ་རྔོག་རྭ་རྒྱ་ཚང་གིས། རེབ་གོང་སྟོད་ཀྱི་ཇག་པ། རེབ་སྨད་ཀྱི་ཇག་པ་ཞེས་པ་སོགས་ནི་རེབ་གོང་གི་མི་གཤིས་རྩུབ་པོ་དང་། གྱོང་བོ་གཉའ་རེངས། ངང་ཐུང་གུ་དོག་གི་རང་བཞིན་དེ་དམར་རྗེན་དུ་བཏོན་པའི་ཤ་ཚ་བའི་ལེགས་བཤད་འབའ་ཞིག་ཏུ་འཁུམས་སོ།།
རེབ་གོང་ལ་མ་པོའུ་ཧང་གི་དམག་སླེབས་ཚེ་དགུ་ཆུ་ཕ་རོལ་གྱི་སྡེ་བ་མ་པོའུ་ཧང་གི་དམག་གིས་འཕྲོག་བཅོམ་བསད་བསྲེག་ཅི་བྱས་ཀྱང་སྡེ་བའི་ཚུར་ནང་གི་མི་རྣམས་ལྟད་མོ་བལྟ་བ་ལས་རོགས་རམ་བྱེད་པ་དཔེ་མི་སྲིད། འོན་ཏེ། རེབ་གོང་ནང་གི་སྡེ་ཕན་ཚུན་སྡེ་གཟར་སྐབས་སུ་དཔའ་བོ་མང་ཞིང་ སྡེ་སོ་སོར་རོགས་བྱེད་མཁན་ཡང་མང་། གལ་ཏེ་དེ་དག་གི་དུས་སུ་ཤི་ཐུབ་ཚེ་སྡེ་བའི་དཔའ་བོ་དང་སྐྱེས་བུ་རླབས་ཆེན་དུ་བརྩིའོ།། དེ་འདྲ་ཡིན་ཕྱིན། སྒོ་དམར་དང་ཆུ་མ་གཉིས་ལ་ཡང་ནད་ཡམས་དེ་བགོས་ཏེ། སྤྱི་ལོ་༡༨༧༧་ལོར་ས་ཆ་སྤར་གང་གི་ཆེད་དུ་མི་གསོད་འཛིང་རེས་བྱས་པ་སོགས་ལག་རྗེས་མང་དུ་བཞག་མྱོང་བར་གསལ་ཏེ། ༼ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽་ལས། མེ་གླང་ནས། སྒོ་དམར་དང་ཆུ་མ་ཕན་ཚུན་གཡུལ་འཁྲུག་ ཆེན་པོ་བྱུང་བ་བཟླུམས་པའི་ཕྱིར་དུ་སྒོ་དམར་སྤྱི་བ། གྲོང་གི་རྒན་བསམ་ཤེས། མི་རྩ་རྣམས་དང་བཅས་སྐུ་དྲུང་དུ་བོས་ཏེ། གྱོད་ཟེར་བ་འདིས་རང་གཞན་ཐམས་ཅད་འཕྲལ་ཡུན་དུ་འཕུང་ལ་སྦྱོར་བས་མྱུར་ཏུ་འདུམ་ན་ལེགས་ཚུལ་དང་། སྔར་ནས་རང་རེ་རྣམས་ཆོས་འབྲེལ་ཤིན་ཏུ་ཟབ་པས་ངེད་ལ་བླ་མ་ཞིག་གི་འདུ་ཤེས་འཇོག་ཕྱིན་གྱོད་འགྲིག་དགོས་ཚུལ་གྱི་བཀའ་ནན་ལྕི་བ་ཕེབས་པས། སེར་སྐྱ་ཐུན་མོང་ནས་གཟུ་ཕུལ་བར། ནང་སོ་བློ་བཟང་འཕྲིན་ལས་སོགས་གཟུ་ལ་འགྲོར་བཅུག་སྟེ་རིམ་གྱིས་བདེ་འཇགས་སུ་བཀོད། ཅེས་གསལ། གོང་གི་ནང་དོན་དེ་ལས་ཕ་ཡུལ་གཅིག་པའི་སྤུན་ཟླ་དང་། ཆོས་བརྒྱུད་གཅིག་པའི་ཆོས་པ། བླ་མ་གཅིག་པའི་སློབ་མའི་བར་དུ་བྱུང་བའི་གནས་ཚུལ་ཡིན་ཞིང་། རེབ་གོང་གི་སྡེ་གཞན་དག་ཀྱང་སྒོ་དམར་དང་ཆུ་མ་ལྟར་འདྲ་བ་ལས་དེ་ལས་ལྷག་པའི་བཟང་རྒྱུ་མེད་དོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,