སྒོ་དམར་དང་མགོ་དམར།

རྩོམ་པ་པོ་་་་་་་་་་་ཚངས་དབང་དགེ་འདུན་བསྟན་པ།

སྒོ་དམར་ལ་མགོ་དམར་ཞེས་འབོད་སྲོལ་ཡང་ཡོད་ཅིང་། ལར་སྒོ་དམར་ཟེར་བ་ནི་ཨ་མདོ་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་གསེས་སུ་དོར་སྡེའམ་ཁྲི་རྩེ་སྡེ་བཞིར་གྲགས་པའི་ཡ་གྱལ། སྒོ་དམར་རམ་མགོ་དམར་དུད་ཁ་སྟོང་སྡེ་རུ་གྲགས་པ་དེ་ལ་ཟེར།
མགོ་དམར་ཞེས་པའི་མིང་ཐོགས་ཚུལ་ལའང་བཤད་སྟངས་གསུམ་སྟེ། བཤད་ཚུལ་དང་པོ་ནི། ༼སྒ་རུ་བདུད་འཇོམས་རིན་པོ་ཆེའི་ཡིག་ཚང་༽དུ། དེ་སྔོན་སྒོ་དམར་དང་ཆུ་མ་གཉིས་མ་འགྲིག་སྟེ་སྡེ་གཟར་ཐུག་སྐབས་སྒ་རུ་བདུད་འཇོམས་རིན་པོ་ཆེའི་ཞལ་ནས།

མགོ་དམར་བ་འདི་སྔོན་བོད་ཀྱི་བཙན་པོའི་དམག་རྒྱུད་དམག་ལ་འགྲོ་སྐབས་མགོ་ལ་དཀྲིས་ལྷེབ་དམར་པོའི་ལ་ཐོད་བཅིང་ཞིང་། དོར་མ་དམར་པོ་གྱོན་པ། རུ་དར་དམར་པོ་འཕྱར་ཞིང་། གདོང་ལ་ཚོན་དམར་བྱུགས་པའི་དཔའ་པོའི་རྒྱུད་པ་ཡིན་པས། མི་རྒྱུད་བཙན་ཞིང་གཞུང་རྒྱུད་དྲང་པོ་ཡིན་པས་འཐབ་འཛིང་གཏན་ནས་བྱེད་མི་ཉན། ཞེས་བཀའ་སློབ་གནང་བའི་གསུང་རིས་ལ་དཔགས་ན། མགོ་དམར་ཞེས་པ་ནི་བོད་ཀྱི་བཙན་པོའི་དམག་རྒྱུད་ནས་ཐོགས་པར་བཤད། དེས་ན་དོར་སྡེ་ཞེས་པའང་སྲོང་བཙན་གྱི་དམག་རྒྱུད་དབུ་རུ་སྟོད་ཀྱི་དོར་སྡེའི་དམག་རྒྱུད་ཡིན་པས་དོར་སྡེ་ཞེས་ཐོགས་ཟེར་བ་སོགས་ཀྱི་ཚིག་ཟུར་རེ་གཉིས་ཙམ་ལས་ཧ་ལམ་མཐུན་ཞིང་། རྒྱའི་༼ཐང་ཡིག་གསར་རྙིང༽་སོགས་སུ། མགར་ཁྲི་འབྲིང་གི་སྲིད་འཛིན་ལས་ཁུངས་དེ་ཀ་ཅི་མཁར་ནས་སྤྱི་ལེ་ཉིས་བརྒྱ་ལྷག་ཙམ་གྱི་ས་ན་ཡོད་ཅེས་པ་ལྟར་ན། སྔོན་གྱི་རེབ་གོང་གི་ས་ཁུལ་ལ་འཁེལ་འདུག་པས། དེ་ལའང་བསམ་གཞིགས་ཤིག་གཏོང་དགོས་པ་མ་ཟད། རེབ་གོང་ན་མགར་ཚང་དང་འབྲེལ་བའི་གཏམ་རྒྱུད་ཀྱང་མང་། གཞན་མགར་ཁྲི་འབྲིང་ལ་སྐབས་དེར་དམངས་ཁྲོད་དུ་མགར་ཁྱི་རིང་ཞེས་འབོད་ཀྱི་ཡོད་ཕྱིན། རྒྱ་ཡིག་ཏུ་ཞེས་བྲིས་ཡོད།

གནའ་དུས་ཀློག་སྟངས་ཀྱི་དབང་གིས་ར་བཏགས་ཕལ་ཆེར་ཡ་བཏགས་ཀྱི་སྒྲ་ལྟར་ཀློག་གིན་ཡོད་ཅིང་། འབྲིང་བྱ་བ་ལའང་ཀློག་སྟངས་ཀྱི་དབང་གིས་ར་བཏགས་ཀྱི་སྒྲ་གདངས་ཆེ་དྲགས་ནས་རྨང་གཞིའི་ཡི་གེ་ཁོག་ཏུ་ཐིམ་པས། ཁྲི་འབྲིང་ལ་ཁྱི་རིང་ཞེས་འབོད། འདི་འདྲ་སྔ་མོ་ཡང་མང་སྟེ། ལོ་ཙཱ་པ་རིན་ཆེན་བཟང་པོའི་དངོས་སློབ་ཁྲི་ཐང་པ་ལ་ཡིག་རྙིང་རྣམས་སུ་ཁྱི་ཐང་པ་ཞེས་བྲིས་ཡོད་པ་དང་། ལྷ་བྲིས་ལ་ལྷ་རིས་དང་། ཐེའུ་བྲང་ལ་ཐེའུ་རང་སོགས་མང་ངོ་།

སྒོ་དམར་ཡུལ་གྱི་བཀོད་པའི་ཟུར་ཞིག

དེ་བཞིན་དུ་དོར་སྡེའི་མིང་གཞན་ལ་ཁྲི་རྩེའམ་ཁྱི་ཙེ་ཟེར་བ་དང་། ཁྲེ་ཙེ་སོགས་འབྲི་སྟངས་དུ་མ་ཞིག་སྣང་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དཔྱད་ན་མགར་ཁྲི་འབྲིང་གི་སྲིད་འཛིན་ལས་ཁུངས་ལ་འབྲེལ་བ་ཡོད་དམ་སྙམ། ཁྲི་རྩེ་ནི་མགར་ཁྲི་འབྲིང་གིས་བཟུང་བའི་རྩེ་ལ་གོ་བ་ཡིན་ནམ་སྙམ། གནའ་དུས་བཙན་པོའི་དུས་ལ་རྩེ་ཞེས་པ་ནི། བོད་བཙན་པོའི་སྲིད་འཛིན་ལས་ཁུངས་ཏེ་དེང་སང་བཤད་ན་ཁུལ་གྱི་དོན་ཡིན་ཟེར། ལ་ལས་ཞིང་ཆེན་གྱི་དོན་ཡིན་ཡང་ཟེར། རྩེ་ཕོ་བྲང་པོ་ཏ་ལ་དང་། བསམ་འགྲུབ་རྩེ། ཕྱིང་བ་སྟག་རྩེ། ཤ་ཅུ་རྩེ་སོགས་མང་ངོ་།། དེང་སང་སྒོ་དམར་དུ་གྱི་མཁར་ཞེས་མཁར་ཆགས་ཤིག་ཡོད་པ་དེ། གནའ་ཤུལ་ཞིབ་འཇུག་པ་ཚོས་བཙན་པོའི་སྐབས་ཀྱི་གནའ་ཤུལ་ཞིག་ཡིན་པའི་ངོས་འཛིན་བྱེད་འདུག མགར་ཁྲི་འབྲིང་གིས་བཙན་པོ་དང་དབང་རིས་བརྩད་པས་མཐར་ཕམ་ནས་རང་སྲོག་བཅད་པ་དང་། ཁོང་གི་སྐུ་སྤུན་དང་དམག་དཔུང་མང་པོ་ཞིག་ཐང་ལ་མགོ་འཛུལ་ཏེ་ཕྱིར་བོད་ལ་དམག་རྒྱག་ཏུ་འོངས་པ་རྣམས་ཀ་ཅི་མཁར་དང་མི་རིང་བར་གཞི་ཆགས་པ་ལ་ཕྱིས་སུ་དོར་པོའི་སྡེ་ཞེས་ཟེར། དེ་ལྟར་ཟེར་དོན་ཡང་ཁོ་ཚོས་རྒྱ་ལ་མགོ་འཛུལ་ཡང་རུས་རྒྱུད་བོད་རིགས་ཡིན་པས་ཕྱིར་རང་གི་སྡེ་ལ་འཐབ་འདོད་མ་སྐྱེས། འོན་ཏེ། བཙན་པོ་དང་ནང་འགལ་བྱུང་བས་མཐར་ཕྱོགས་གང་ལའང་མི་གཏོགས་པར་བར་མ་དོ་རུ་གནས་ཏེ་རྟ་ཇ་དང་དར་གོས་སོགས་ཀྱི་ཚོང་འབྲེལ་བྱེད་པ་རྣམས་ལ་དོར་པོའི་སྡེ་ཞེས་ཏུན་ཧོང་ཡིག་རྙིང་དུའང་ཟུར་ཙམ་ཞིག་འཁོད་ཡོད་ལ། རྒྱ་ཡིག་གི་༼ཐང་ཡིག་གསར་རྙིང་༽་དུ་ཡང་དོན་མཚུངས་པ་ཞིག་འདུག དེ་ལྟ་བུའི་སྔོན་གྱི་ལོ་རྒྱུས་བྱིངས་ལ་གཞིགས་ན་མགོ་དམར་ཞེས་པའི་མིང་ཐོགས་ཚུལ་དེ་བོད་ཀྱི་བཙན་པོའི་དམག་རྒྱུད་ལ་ཐུག་ཡོད་ཚུལ་བཤད་པའང་གནས་ལུགས་ཅུང་ཟད་འདུག་གོ་སྙམ།

གཞན་དོར་སྡེ་བ་ཚོ་ལ་རྒྱ་ཁྱི་ཙེ་ཟེར་དོན་ཡང་མགར་ཁྲི་འབྲིང་གི་དམག་དཔུང་ངོ་ལོག་པའི་དོན་རྐྱེན་དང་འབྲེལ་བའི་ཐ་སྙད་ཅིག་ཡིན་པར་སེམས།. དེ་མིན་དོན་གཞན་ཡང་ཡོད་དོ།། བཤད་ཚུལ་གཉིས་པ་ནི། རྒྱ་བཟའ་དགེ་བཤེས་ཀྱིས་བརྩམས་པར་གྲགས་པའི་༼རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ༽་ཞེས་པ་རུ། དེ་ཡང་འབྲི་སྲོལ་གཅིག་ནི། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་པས་མཛད་པའི་སྒོ་དམར་རུས་མཛོད་འབྲི་སྲོལ་ནི། མགོ་དམར་ཞེས་པའི་རུས་རིགས་དེ་ཀའི་ཙི་རྒྱལ་པོའི་རུས་རིགས་སུ་གཏོགས་པར་བཤད་ཅིང་། ཀའི་ཙི་རྒྱལ་པོ་གཤེགས་རྗེས། རྒྱལ་ས་བློན་པོས་བཟུང་བས། ཀའི་ཙི་རྒྱལ་པོས་ཚ་བོ་དམག་དཔོན་ལུའི་ཀོང་གིས་རང་གི་དམག་ཁྲི་ཚོ་བཞི་བཅུ་ཁྲིད་ནས་ལིངས་ཀྲུའུ་བཟུང་ནས། ཅེའུ་མཁར་ཉི་ཤུ་རྩ་བཞིའི་རྒྱལ་པོ་བྱས་ནས། རིང་པོ་མ་ལོན་པར་རྒྱལ་ས་ཤོར་བས། དམག་དཔོན་དང་དམག་མི་རྣམས་ཕྱོགས་སོ་སོར་ཁ་འཐོར་ཏེ་སོང་བས། ཁོང་ཚོས་རང་རང་གི་དམག་མི་རྣམས་ཤོང་བའི་མཁར་རེ་བསྐོར་ཏེ་མཁར་དེའི་མིང་ལ་ཅེའུ་མཁར་ཟེར་ཞིང་། ཁོང་ཚོའི་དམག་དཔོན་ཆེན་པོས་ཁྲིད་པའི་དམག་མིའི་རྟགས་ནི། རས་དམར་པོའི་མགོ་དཀྲིས་ཅན་ཡིན་པས། ཁོང་ཚོའི་དམག་མིང་དང་སྡེ་བའི་མིང་ལ་མགོ་དམར་དམག་དང་། མགོ་དམར་སྡེ། མཁར་མིང་ལའང་མགོ་དམར་ཅེའུ་མཁར་ཞེས་གྲགས་སོ།། ཞེས་གསལ། གོང་དུ་བཤད་པའི་ཀའི་ཙི་རྒྱལ་པོ་ཞེས་པ་སུ་ཡིན་པ་ད་ཆར་ངེད་ཀྱིས་ལོ་རྒྱུས་ཡིག་ཚང་ཁག་ལས་མ་རྙེད། བཤད་ཚུལ་འདིའི་གནས་བབ་སྤྱི་ལ་ཚོད་དཔོག་བྱས་ན་ཧ་ལམ་མི་ཉག་རྒྱལ་པོ་དང་འབྲེལ་བ་ཡོད་དམ་སྙམ་ཡང་། དཔྱད་གཞིའི་ཡིག་ཚང་མ་རྙེད་པས་རེ་ཞིག་དཔྱད་ཐབས་བྲལ། སྤྱིར་རུས་མཛོད་འདི་བརྩམས་སྔ་ཞིང་རུས་རྒྱུད་ཚོ་བ་རྣམས་ལ་ཞིབ་འཇུག་བྱེད་ཚེ་དཔྱད་གཞིའི་ཡིག་ཆ་ལེགས་པོ་ཞིག་ཡིན་སྣང་ཡང་། མི་ལ་ལས་རྒྱུ་ནོར་ཁོ་ནར་བསམས་ཏེ་གསེར་གྱི་ཀ་བ་ལ་ཤིང་གི་ལྷན་པ་བརྒྱབ་པས། སྔོན་གྱི་བདེན་པའི་གཟི་བྱིན་གྱི་རང་མདོག་ཡེ་ནས་ཉམས་པ་མ་ཟད། དེའི་ཚབ་ཏུ་ རྫུན་གྱི་ཕུང་པོའི་རི་རབ་བརྩིགས་ཡོད་པས་ད་ལྟ་ཡིད་རྟོན་བྱེད་དཀའ་བའི་གནས་སུ་ལྷུང་ངོ་།།

བཤད་ཚུལ་གསུམ་པ་ནི། གཅོད་པ་དོན་གྲུབ་ཀྱིས་བརྩམས་པའི་༼རྨ་འབྲིའི་འབྱུང་ཡུལ་གྱི་གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་ངོ་མཚར་མེ་ཏོག་ཕྲེང་མཛེས༽་བྱ་བ་ལས། (མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང)ཤན་པོ་རྒྱལ་པོའི་རྨོག་ཁྱུང་། དེ་ཡང་བྲག་དཀར་སྡེ་བའི་རི་འདབས།. དགུ་ཆུ་རིང་མོའི་གཡས་འགྲམ་ན། མགོ་དམར་སྡེ་བ་ཞེས་པའི་གྲོང་སྡེ་འཛོམས་པོ་གཡུ་ཡི་མཚོ་མོ་གཡས་སུ་འཁྱིལ་བ་ལྟ་བུ་ཞིག་ཡོད་ལ། གྲོང་སྡེ་དེའི་དཀྱིལ་དབུས་སུ་མགོ་དམར་དགོན་པ་ཞེས་དགེ་ལྡན་རིང་ལུགས་འཛིན་པའི་དགོན་ཆུང་ཚུལ་དང་ལྡན་པ་ཞིག་གསལ་ལེར་མངོན་འདུག གནའ་རབས་ཀྱི་རྒན་པ་ཚོའི་ངག་རྒྱུན་ལྟར་ན་རིག་གནས་གསར་བརྗེ་ཆེན་པོའི་སྔོན་ལ་མགོ་དམར་དགོན་པའི་ནང་དུ་ཤན་པ་རྒྱལ་པོའི་རྨོག་ཁྱུང་ཡོད་པ་མ་ཟད། ས་དེར་ད་རུང་ཤན་པ་རྒྱལ་པོ་དང་འབྲེལ་བའི་གཏམ་རྒྱུད་ཀྱང་ངོ་མཚར་ལྡན་པ་ཞིག་ཡོད་ཟེར། ས་དེའི་སྡེ་མིང་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་སྟེ། མི་ལ་ལས་མགོ་དམར་སྡེ་བ་ཟེར་ཞིང་། ལ་ལས་སྒོ་དམར་སྡེ་བ་ཟེར།.གང་ལྟར་ཀྱང་ས་དེ་རུ་བདག་གིས་ཐོས་པའི་ཤན་པ་རྨོག་ཁྱུང་དང་འབྲེལ་བའི་གཏམ་རྒྱུད་ཅུང་ཉམས་སྤྲོ་བ་ཞིག་ཡོད་པ་ནི་འདི་ལྟ་སྟེ། དེ་ཡང་སྐབས་ཤིག་ལ་གླིང་གི་དཔལ་རྟུལ་ཚ་ཞང་འདན་མ་བྱང་ཁྲའི་བསམ་པར། ཧོར་ཤནཔའི་དམག་སྣེ་སྟོན་ལུགས་དང་ཐ་ན་རྩེད་མོ་བྱེད་པར་ཡང་མདའ་ཁ་མདུང་ཁ་གླིང་ལ་སྒྱུར་ལུགས་སོགས་གང་ལ་བལྟས་ཀྱང་། ད་རེབ་ཧོར་དམག་གླིང་ལ་འོང་རྒྱུ་ཐག་གིས་ཆོད། དེ་རིང་དཔའ་ངོམ་ཐེངས་གཅིག་གིས་རྟིང་མ་མ་བླངས་ན། ཕོ་ལུས་བླངས་པ་དོན་མེད་རེད་བསམས་ནས། ཉིན་རི་ངོས་ནས་བ་ལུ་བཏུས། སྲིབ་རི་ངོས་ནས་ཤུག་པ་བཏུས།. ཉིན་སྲིབ་བར་ནས་མཁན་པ་བཏུས། ལྷ་བསང་སྤྲིན་དཀར་ལངས་འདྲ་ཞིག་བཏང་ནས་དགྲ་ལྷ་དཔང་བསྟོད་བྱས་ཏེ་རྟ་འདོ་བ་དངོས་གྲུབ་ལྡེམ་པ་དང་བགྲོ་གླེང་མཛད་རྗེས་མི་འཐེང་རྟ་འཐེང་ཁྱི་འཐེང་གསུམ་དུ་བརྫུས་ཤིང་། རྟ་སྒ་སྟོང་དུ་ཁྲིད་ནས་རྐང་ཐང་ལ་གངས་རི་ལྷུན་ཞིང་སྟུག་པ་ཞིག་ཡོད་པ་དེ་ལས་ཐུར་དུ་ཕྱིན་ཏོ།།

དེར་ཤན་པ་རྨེ་རུ་རྩེ་ན་རེ། ཡ། ཁོ་རེ་གུར་དཀར་གནམ་གྱི་བུ། གཡག་ལ་སེར་པོའི་ཐུར་ཁུགས་ནས། མི་རྟ་ཁྱི་གསུམ་འཐེང་ནས་བྱུང་།.མོ་མས་ཟེར་བ་བདེན་ངེས་རེད། ལས་བཟང་པོ་མི་ཡོང་ཁོ་ཐག་རེད་ཟེར་བས། ཧོར་གུར་དཀར་རྒྱལ་པོ་དེས་མ་ཐོས་པའི་ཚུལ་གྱིས་མགོ་བོ་སྨད་ནས་གཏམ་བཟང་ངན་ཅི་ཡང་མི་སྨྲ་བར་གནས་སོ།།

དེ་ནས་ཚ་ཞང་འདན་མ་བྱང་ཁྲ་དེས་ཧོར་གྱི་སྒར་འཁྲིས་སུ་གད་པ་མཐོ་དམན་ཅུང་ཙམ་ཡོད་པའི་ས་དེ་རུ། རྨོག་དཀར་གྱི་འདབ་ར་ཕབ། ཁྲབ་དཀར་གྱི་རྒྱུན་ཐག་འཐེན། འཁོར་གསུམ་ལུས་ལ་བསྐོར། རྟ་འདི་བའི་གློ་ལེན་འཐེན། ཆིབས་དངོས་གྲུབ་ལྡེམ་པའི་གོང་དུ་བུད་ནས་ཧོར་དམག་གི་ནང་དུ་གློག་དམར་འཁྱུག་འདྲ་ཞིག་བྱས་ནས་གཤགས་ཏེ། ཤན་པའི་སྒར་དང་ཐུག་པ་ན་ལས་གུར་ལ་གྲི་ཤན་བརྒྱབ། ཇ་ཐབ་བཅོ་བརྒྱད་རྫོག ཐབ་གསུར་གནམ་ནག་ལངས་འདྲ་ཞིག་བྱས། ཉིན་རྟ་ཉིན་ནས་བསྡུས།.སྲིབ་རྟ་སྲིབ་ནས་བསྡུས། ཀི་བསོ་ཧོ་གསུམ་གྱིས་གནམ་ས་བཀང་ནས་རྟ་ཁྲ་ཁྱུ་མང་པོ་དེད་སོང་ངོ་།། དེར་ཤན་པས་འཚབ་འཚུབ་ཀྱི་ངང་ནས་གནས་ཚུལ་རྣམས་མ་གསང་བར་འཕྲལ་དུ་གུར་དཀར་རྒྱལ་པོའི་དྲུང་དུ་ཞུས་པ་ན། གུར་དཀར་གནམ་གྱི་རྒྱལ་པོ་དེས། སྐྱོན་མེད་སྐྱོན་མེད།.གླིང་གི་བུ་ཆུང་ཁོ་རང་ལ་རྟ་ཁྱུ་ཡར་ཙམ་འདེད་དུ་ཆུག ཁོ་མི་རྒོད་ཁེར་འགྲོ། རྟ་རྒོད་ཁེར་རྒྱུག མདའ་རྒོད་ཁེར་འཕེན། དཔུང་རྒོད་ཁེར་ངོམ་བྱེད་མི་ཞིག་ཡིན་པས་དོ་ནུབ་ཉི་མ་དམར་ཐག་ཆོད་ལ་ཁད་ལ་ཕོ་སུ་རྒོད་ཤེས་ཡོད། ར་མདར་ཁོ་མི་གཅིག་གི་རྒྱབ་ལ་ཧོར་དམག་དུམ་གཅིག་འགྲོ་རིན་མི་གདའ། ཤན་པ་རྨེ་རུ་རྩེ་ཁྱོད་ཀྱིས་ཧོར་སེར་ད་ར་ཁ་དགུ་ནས་ཁོ་བོ་ཁ་རྒོད་རྟིང་རྒོད་དཔའ་གཏམ་དཔུང་ངོམ་བྱེད་མི་ཞིག་ཡིན་ཟེར་བས། ད་ལྟ་ར་མདར་འགྲོ་བ་ཁྱོད་ལ་བབ་ཡོད་ཟེར་བ་ན། ཤན་པ་དེ་ཉིད་ཁོང་ཁྲོའི་ངང་ངོ་གདོང་དམར་པོ་ཁྲག་གིས་སྦགས་པ་ལྟར་གྱུར་ནས་གོ་མཚོན་ཐམས་ཅད་དུས་གཅིག་ལ་གྱོན་ཏེ། རག་རྟ་འཕུར་ཤེས་ལ་སྒ་སྲབ་སྤྲད་ནས་འཕྲུལ་དམར་སྤྲིན་དམར་འཁྲུགས་འདྲ་ཞིག་བཙུགས། གཡས་ལ་སག་ཐག་ཚེར་ཕུང་འདྲ་བ་དང་། གཡོན་དུ་དུག་རལ་འབར་བ་དང་། གཞུ་མོ་རྭ་རྒོད་འཁྱིལ་བ་སོགས་སྐེད་ལ་བཏགས་ཏེ་ཁ་ནས་མེ་འབར། སྣ་ནས་དུ་བ་འཐིབ་ཅིང་། བར་སྣང་ལ་གློག་འཁྱུག་པ་ལྟར་སོང་ངོ་།། དེར་འདན་མ་བྱང་ཁྲས་རྟ་རྣམས་ག་ལེར་དེད་ནས་ཧོར་གཡག་ལ་སེར་པོའི་གཡས་ཟུར་ལ་བསླེབས་པའི་མཚམས་སུ། སྡིག་གཅོད་ཤན་པ་དེ་རྟ་རྒྱུག་མ་འདུར་གྱིས་བྱུང་ནས། དོགས་སྣང་མེད་པར་རྟ་མ་འདེད་མ་འདེད་བསྐྱུར་ན་ལེགས་ཟེར་བའི་རྫིག་གཏམ་མང་པོ་སྨྲ་བཞིན་འདན་མའི་སྔོན་ལ་བཀག་པ་ན། འདན་མའི་བསམ་པར་དེ་རིང་མདའ་གཅིག་གིས་ཁར་ལིང་ངེར་འཕེན་མ་ཐུབ་ན། མི་འདི་སྐྱོན་ཆེ་བ་ཞིག་རེད་བསམས་ནས་གོམ་འགྲོས་ཇེ་དལ་དུ་བཏང་ནས་འགྲོ་བཞིན་ཡོད་པའི་ཚེ། ཤན་པས་མདའ་གཅིག་གཞུ་སྟེང་དུ་བཞག གྲི་དུག་རལ་བ་འབར་བ་བཏོན་ཏེ། དཔའ་ལུང་མཛུབ་མོར་བསྐོན་ནས་འདི་ལྟར་ཟེར་རོ།། གླིང་གི་ར་རྫིའི་བུའམ་རེའུ་རྫིའི་བུ།། ངས་དེ་རིང་ཁྱོད་ལ་མདའ་གཅིག་འཕེན།། མདའ་གཅིག་གིས་ཁྱོད་ཀྱི་སྲོག་སྙིང་ལེན།། ཤ་ཕུད་ཁྲག་ཕུད་ལྷ་ལ་འབུལ།། མགོ་དར་འཕྲུ་ཤ་ལེར་ཤན་པས་ཁྱེར།། ཧོར་སེར་པོའི་སྔོན་ལ་སྟོན་རྒྱུ་དགོས་ཟེར་ནས།། མདའ་གཅིག་འཕངས་པ་འདན་མའི་ཐོག་ཏུ་བྱུང་བར་འདན་མ་རྟ་སྟེང་འོག་ལ་འགྱུར་བས། རྨོག་དཀར་གྱི་དར་འཕྲུ་དཀྱིལ་མའི་རུ་མཚོན་དམར་པོ་དེ་ས་ལ་ལིང་གིས་ལྷུང་བྱུང་བ་མྱུར་སྟབས་ཀྱིས་བླངས་ནས་བསམ་པར། དར་འཕྲུ་འདི་གདོང་ཆུང་རྒྱུད་འབུམ་པའི་ཞལ་ངོ་ལ་ལྟ་བ་ཡིན་པས། ཡང་མིན་ན་རྒྱ་ཚ་ཞལ་ལུའི་སྐུ་ཚེ་ལ་བར་ཆད་ཅིག་ཡོང་བ་འདྲ་བསམས་ནས། ད་ནི་མདའ་གཅིག་འཕངས་ན་དོན་ཡོན་པ་ཐག་གིས་བཅད་དེ། ཤན་པ་ཁོ་ལ་དམའ་འབེབས་གཅིག་མ་ཐུབ་ན། ང་འདན་མ་མིན་པའི་རྟགས་ཡིན་སྙམ་ནས་གཞུ་སྟེང་དུ་མདའ་གཅིག་བཞག་ནས་འཕངས་པས་སྡིག་གཅོད་ཤན་པའི་རྨོག་ཁྱུང་གཏོར། རྩེ་ལྔ་དེའི་ཕོ་བྱང་ཟུར་དུ་ཕུད།. མོ་བྱང་གི་དཀྱིལ་ནས་བཏོན། མགོ་ཀ་ལི་ལག་མཐིལ་ཙམ་ཞིག་རྒྱ་མཐོངས་ཀྱི་ཁ་ཕྱེ་བ་འདྲ་ཞིག་བྱས་པས། ཤན་པ་དེ་ཡུད་ཙམ་ལ་དྲན་མེད་དུ་བརྒྱལ་ཞིང་རྟ་ཐོག་ནས་ལྷུང་བྱུང་ངོ་།། དེར་འདན་མ་མྱུར་ཏུ་ཤན་པའི་འགྲམ་དུ་ཕྱིན་ནས་བལྟས་ཚེ། ཀ་ལི་ལག་མཐིལ་ཙམ་དེ་ཕ་ཚད་གཅིག་ཏུ་གདའ། མདའ་དེས་སྤང་ཕུབ་ཙམ་གཅིག་བསློགས་ནས་འདུག ཤན་པའི་སྤྱི་གཙུག་གི་རྨ་ཁུང་ན་ཀླད་པ་ཐོལ་ཐོལ་བྱེད་ཅིང་འདུག ལྕག་ཚན་གྱི་ཡུ་བས་དཀྲུགས་ནས་གསོད་སྙམ་མ་ཐག་ཏུ་རྟ་འདོ་བ་དངོས་གྲུབ་ལྡེམ་པ་ན་རེ། ཤན་པ་རྨེ་རུ་རྩེ་འདི་སྟེང་མ་ལྷ་ཡི་ཡུལ་ནས་སྐུ་རྗེ་གེ་སར་རྒྱལ་པོ་དང་ལས་སྨོན་འབྲེལ་བའི་སྐུ་མཆེེད་ཡིན་པས་སྐྱུར་ཞོག་ཟེར་བ་ན། འདན་མས་ཀྱང་རྟས་ཟེར་བ་ལྟར་བྱས་ནས་ཤན་པའི་ཀ་ལི་དེ་རང་གི་གཞུ་ཤུབས་སུ་བཅུག་ནས་ཕྱིར་གླིང་ལ་ཆས་སོ་ཟེར་ཞིང་། ཕྱིས་སུ་མགར་ཆོས་དར་གྱི་བུ་ཆུང་བ་སྨན་རྩིས་ཐམས་ཅད་ལ་མཁས་པ་ཞིག་ཡོད་པ་དེས་སྨན་སྦྱོར་བྱས་ནས་ཤན་པའི་ཀླད་ཕོར་ལ་ཟངས་དམར་སྤྲད་དེ་སྔར་ལྟར་བདེ་ཐང་དུ་གྱུར་ཏོ་ཟེར་བ་ལགས། དེའི་རྐྱེན་གྱིས་ས་ཆ་དེའི་མིང་ལ་མགོ་དམར་ཐོགས་པ་དང་། ཤན་པའི་རྨོག་ཁྱུང་ས་དེ་རུ་ཡོད་ཟེར་དོན་ཡང་རྒྱུ་མཚན་དེར་ཐུག་ཡོད་ཅེས་སེམས་ཅན་ཀུན་གྱིས་གླེང་ངོ་།། ཞེས་གསལ། ཆེས་ཡ་མཚར་བ་ཞིག་ནི།སྒོ་དམར་གྱི་མི་རྣམས་ཀྱིས་ཧོར་གླིང་གཡུལ་འགྱེད་ཀྱི་སྒྲུང་མི་ཉན་ལ། གལ་ཏེ་རྒྱང་བསྒྲགས་ནང་གྲགས་པ་ཐོས་ཀྱང་མྱུར་ཏུ་སྒོ་རྒྱབ་པ་སོགས་བྱེད། དེ་ཅི་ཡིན་ཞེ་ན། སྒོ་དམར་སྒར་གྲོང་གི་ཆོས་སྐྱོང་ནི། བེག་ཙེ་ཡིན་ལ། བཤད་ཚུལ་ལྟར་ན་ཧོར་གྱི་ཤན་པ་རྨེ་རུ་ནི་བེག་ཙེའི་སྤྲུལ་པ་ཡིན་པས་ཤན་པ་རྨེ་རུ་ལ་སྡིགས་ན་བེག་ཙེ་མི་དགྱེས་ཞེས་ཟེར་སྲོལ་མཆིས། གོང་དུ་གཅོད་པ་དོན་གྲུབ་ལགས་ཀྱིས་བཤད་པའི་ཤན་པ་རྒྱལ་པོའི་རྨོག་ཁྱུང་སྒོ་དམར་དགོན་དུ་ཡོད་ཟེར་བའང་སྔོན་ཆད་བེག་ཙེའི་མགོན་ཁང་གི་ནང་རྟེན་དུ་བཞུགས་ཞེས་འདི་གའི་རྒན་རྒོན་ཚོས་བཤད་པ་ངས་ཀྱང་ཐོས་མྱོང་ངོ་།།

བཤད་ཚུལ་འདི་འདྲ་ལ་བརྟེན་ནས་སྒོ་དམར་པ་ཚོས་ང་ཚོ་ནི་ཧོར་ཡིན་གླིང་མིན་ཞེས་ཟེར། དེང་སང་སྒོ་དམར་པ་ཚོ་ལ་ཧོར་རིགས་སུ་བཤད་པའང་དོན་དུ་བཤད་ཕྱོགས་འདི་ཙམ་ལ་ཐུག་པ་ཡིན།འོན་ཏེ། གླིང་སྒྲུང་ལས་བཤད་པའི་ཧོར་ནི་བོད་རིགས་དངོས་ཡིན་པར་གསལ་ཡང་། དེང་སང་ཁམས་ཕྱོགས་ཀྱི་ཧོར་བྲག་མགོ་སོགས་ནི་གླིང་དང་ཧོར་ཞེས་པའི་ནང་ཚན་གྱི་ཧོར་ཡིན་ཟེར་རོ།། འདི་འདྲའི་གནས་ལུགས་མཐའ་ཡས་པ་ཞིག་སྣང་ཡང་འདིར་མི་སྤྲོ་བར་བྱའོ།།

སྒོ་དམར་དང་མགོ་དམར་ཞེས་བཤད་ཚུལ་ཅི་རིགས་ཤིག་མཆིས་པ་དང་། དེ་བཞིན་དུ་ནང་དོན་ཡང་འདྲ་མི་འདྲ་མང་དུ་ཡོད་པས། མཐའ་གཅིག་ཏུ་མིང་འདི་དག་གི་་དོན་ནི། འདི་རེད་ཅེས་མཐའ་བསྡོམས་བྱེད་རྩིས་མེད། དེ་ཅི་ཡིན་ཞེ་ན་ད་ལྟ་ང་ཚོས་ལོ་རྒྱུས་ཡིག་ཚང་གི་དཔྱད་གཞིར་བཟུང་བའི་ཡིག་ཆ་འདི་དག་ཚང་མ་རབ་བྱུང་བཅུ་བའི་མན་ཆད་ཀྱི་མཁས་པས་མཛད་པའི་བརྩམས་ཆོས་ཡིན་ཕྱིན།དུས་ཕྱིས་ཀྱི་མཁས་པས་བཅོས་བསྒྱུར་བྱས་པའི་བསླད་ཞུགས་ཡོད་པ་རེད། དཔེར་ན། རྫོང་སྔོན་ཚང་གིས་མཛད་པའི་༼རེབ་ཀོང་རུས་མཛོད༽་ལས། སྒོ་དམར་འདི་རེབ་གོང་གི་གཞིས་ཆགས་ཐོག་མ་ཡིན་ཟེར་བའང་ལོ་ཉིས་བརྒྱའི་ལོ་རྒྱུས་ལས་འགོར་མེད། ལར་ད་སྐབས་མི་མང་ཤས་ཀྱིས་ཤེས་མ་ཤེས་ལ་ཐག་གཅོད་རྒྱུ་ཧ་ཅང་དགའ་བས་དོན་སྙིང་ལྡན་པའི་ནང་དོན་གཞན་དུ་མ་ཞིག་ཟུར་ནས་བོར་བ་རྫོགས་སུ་མེད། བཤད་ཕྱོགས་འདི་དག་གིས་ཁོ་ཚོའི་བློ་ཚིམ་པ་ཞིག་ཡོང་དཀའ་མོད། འོན་ཀྱང་། ཁྱེད་ཅག་གིས་མཐའ་བསྡོམས་བྱེད་པའི་རིགས་ལམ་དེ་འདྲ་ནི་ངས་ཀྱང་མིག་བཙུམས་ནས་ཐག་ཆོད་ཆོད་བྱེད་ཆོག་པས་ང་རྒྱལ་དང་ཨུ་ཚུགས་ལ་ཚོད་ཅིག་དགོས། ད་ནི་ཇི་སྐད་དུ། ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ།། ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི།། རང་སྡེའི་མཁས་པའི་དགྲ་ལྷ་དཔུང་སྟོད་འདིས། ། གཞན་སྡེའི་དཔའ་པོ་ད་དུང་བསད་པ་མིན། ། ཞེས་པ་ལྟར་རང་གཞན་གཉིས་ཀ་ཁས་ལེན་པ་ཞིག་ངེས་པར་དུ་དགོས་སོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,