སྒོ་དམར་མཆོད་རྟེན།

རྩོམ་པ་པོ།……ཆུ་སྐྱེས་དཔལ་བཟང་།

stupaསྒོ་དམར་མཆོད་རྟེན་ནི་རོང་བོ་དགོན་ཆེན་གྱི་བྱང་ཕྱོགས་སུ་སྤྱི་ལེ་བརྒྱད་ཀྱི་མཚམས། སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་སྒོ་ཆེན་མདུན་ཕྱོགས་སུ་ཡོད་ལ། མཚན་ལ་སྒོ་དམར་དུས་འཁོར་མཆོད་རྟེན་ཟེར།དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི། ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་བོ་འཁོར་བཅས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན། སྟོན་པ་ཤཱཀྱ་ཐུབ་པས་རྒྱལ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལྷ་ཚོགས་དང་བཅས་པར་སྤྲུལ་ནས་༼དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ༽གནང་ཞིང་།དེའི་རྗེས་སུ་ཆོས་རྒྱལ་ཟླ་བ་བཟང་བོས་དུས་འཁོར་གྱི་བློས་བསླངས་བཞེངས་ནས་རྩ་རྒྱུད་བསྡུས་ཤིང་འགྲེལ་ཆེན་མཛད། དེ་ནས་ཆོས་རྒྱལ་རིགས་ལྡན་རྣམས་ནས་རིམ་པར་བརྒྱུད་ནས་བྱེ་བ་དགུ་བཅུ་རྩ་དྲུག་གི་གྲོང་ཁྱེར་༼ཤམ་ལྷ་ལའི་གྲོང་ཁྱེར༽དུ་དར་སྤེལ་བྱས།ཙི་ལི་པཎྜི་དང་དུས་ཞབས་པ་སོགས་ཀྱིས་རྒྱ་གར་འཕགས་ཡུལ་དུ་སྤྱན་དྲངས་པ་དང་།སྤྱི་ལོ་༡༠༢༧ལོར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་ཐོག་མར་༼དུས་འཁོར་རྒྱུད་འགྲེལ༽བོད་ལ་བསྒྱུར་བ་ཡིན། ༼རྩ་རྒྱུད༽ལས་དུམ་བུ་གཅིག་དང་༼བསྡུས་རྒྱུད་༽ཡོངས་རྫོགས་བསྒྱུར། དུས་འཁོར་བོད་ལ་སྔ་ཕྱིར་ལོ་ཙཱ་བ་ཉེར་ལྔས་བསྒྱུར་ཅིང་འགྱུར་མི་འདྲ་བ་བཅུ་བཞི་ཡོད་པར་གྲགས། དེ་ནས་བཟུང་རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་བོད་ཁམས་ཡོངས་སུ་དར་རྒྱས་བྱུང་ལ། དེ་དང་དུས་མཚུངས་སུ་ལྗོངས་འདིར་ཡང་ད་ལྟ་ལ་ཐུག་གི་བར་བླ་མ་དམ་པ་དག་གིས་དབང་ཁྲིད་མན་ངག་ཟབ་མོའི་བཀའ་དྲིན་གྱིས་བསྐྱངས་ཤིང་། ལྷག་པར་དུ་ཡུལ་གྲུ་འདིར་སྤྱི་ལོ་༡༩༨༧ལོར་པན་ཆེན་སྐུ་ཕྲེང་བཅུ་བས་བོད་ཡུལ་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་རྒྱུའི་ཐུགས་དགོངས་ཡོད་པ་ལྟར། གཡེར་གཤོང་ཆོས་པ་རིན་པོ་སྐུ་ཕྲེང་བདུན་པ་འཇམ་དབྱངས་དགེ་འདུན་རྒྱ་མཚོས་ཚོང་དཔོན་ལྷ་རྩེ་གཙོ་བྱས་པའི་སྒོ་དམར་སྡེ་བའི་སྐྱ་སེར་ཐུན་མོང་གིས་དད་སྟོབས་ལ་བརྟེན་ནས།དགོན་པའི་མདུན་ཐང་དུ་ས་བརྟག་བསླངས་པ་དང་། དབུས་སུ་རྡོ་རིང་དང་གཡང་མདའ་བཙུགས། གྲྭ་མང་གིས་རྒྱལ་བའི་བཀའ་འགྱུར་གདན་དྲངས་ཏེ་ཀློག་པ་དང་། འཛམ་གླིང་སྤྱི་བསངས་བསྔོས།བླ་མའི་བཀའ་ལྟར་དགོན་པ་དེའི་དགེ་སློང་བློ་བཟང་རབ་རྒྱས་དང་། བསྟན་པ་ཆོས་འཕེལ་གཉིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་དེ་ཀའི་བཤེས་གཉེན་ཆེན་པོ་བློ་བཟང་རྒྱ་མཚོའི་དྲུང་དུ་ཁོང་ལགས་རིན་པོ་ཆེའི་གསུང་དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་གྱི་ཐིག་རྩ་མཐར་ཕྱིན་པ་སྦྱངས་པ་དང་། ཧོར་ཚང་ཤིང་སྒོ་ན་ཁོང་ཨ་ལགས་རིན་པོ་ཆེས་བཞེངས་པའི་དུས་འཁོར་མཆོད་རྟེན་སོགས་ལ་བལྟས་ནས་ཕྱིར་ཕེབས། ཐིག་རྩ་བཅུ་ཕྲག་ཞིག་བརྒྱབ་ནས་བླ་མའི་སྤྱན་ལམ་དུ་ཕུལ།བླ་མའི་བཀའ་ལྟར་བསྟན་པ་ཆོས་འཕེལ་ཀྱིས།དུས་འཁོར་མཆོད་རྟེན་བཞེངས་སྲོལ་ལ་བུ་ལུགས་དང་ཕུགས་ལུགས་གཉིས་ཡོད་པ་ལས་བུ་ལུགས་ལྟར་མཆོད་རྟེན་གྱི་ཐིག་རྩ་བཏབ། བླ་མ་རིན་པོ་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོས།ཁྱེད་སྐྱ་སེར་ཀུན་གྱི་བློ་བདེ་བོ་བྱོས།ངས་གསེར་ལྗོངས་ཞིང་གི་དབུས་སུ་རྟེན་གཙོ་འདིར་འབུལ་ངེས་ཡིན་ཞེས་གསུངས། དེ་ནས་བཟུང་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང་གཉིས་སུ་མ་མཆིས་པའི་སྒོ་དམར་དུས་འཁོར་མཆོད་རྟེན་གསར་བཞེང་གི་ལས་མགོ་བརྩམས་ཏེ་ལོ་ལྔའི་རིང་ཡོངས་སུ་ལེགས་གྲུབ་བྱུང་། མཐོ་ཚད་ལ་སྤྱི་ཁྲེ་བཞི་བཅུ་ལྷག་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་བརྒྱ་དང་ཞེ་གཅིག་ཡོད། ནང་རྟེན་གྱི་སྐོར་ལ།བུམ་པའི་ནང་དུ་དབུས་སུ་རྒྱུ་ཙན་དན་དམར་པོ་ལས་གྲུབ་པའི་དཔལ་དུས་ཀྱི་འཁོར་ལོ་དང་།བདེ་གསང་འཇིགས་གསུམ།གསང་བདག་འཁོར་ཆེན།ཀྱེ་རྡོར་ཐོད་པ་ཅན་སོགས་ཀྱི་སྐུ་འདྲ་བྱོན་ལེགས་དང་།མཐའ་སྐོར་གྱི་གོང་འོག་བར་གསུམ་དུ། རྒྱུ་སྨན་འདམ་ལས་གྲུབ་པའི་རྒྱལ་བ་རྡོ་རྗེ་འཆང་དང་། སྟོན་པ།མི་འཁྲུགས་པ།སྨན་བླ་བདེ་གཤེགས་བརྒྱད།རྗེ་ཐམས་ཅད་མཁྱེན་པ། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ།པཎ་ཆེན་སྐུ་ཕྲེང་དགུ་བ་དང་བཅུ་བ།རིགས་ལྡན་དྲག་པོ་འཁོར་ལོ་ཅན།གྲུབ་ཆེན་ཆོས་པ་རིན་པོ་ཆེ།ཡབ་རྗེ་སྐལ་ལྡན་རྒྱ་མཚོ། འཇམ་དབྱངས་གཙང་བ་བདུན་བརྒྱུད། གཡེར་གཤོང་ཆོས་པ་སྐུ་ཕྲེང་བདུན་པ་རྣམས་ཀྱི་སྐུ་འདྲ་དང་།བཀའ་འགྱུར་ཚར་བཞི། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།ཡུམ་དུམ་པ་བཅུ་གཉིས་ཚར་བཞི། ཏིང་འཕགས་བསྐལ་གསུམ་ཚར་བཞི་ཅུ། ལམ་སྔགས་ཚར་ཉེར་གསུམ།གསེར་བྲིས་ཀྱི་དུས་འཁོར་བསྡུས་རྒྱུད་དང་མ་ཎི་བཀའ་འབུམ་སོགས་ཀྱི་ཆོས་དཔེ་མང་པོ་བཞུགས།དུས་འཁོར་གྱི་ཞལ་ཐང་དང་། ཤམ་བྷ་ལའི་ཞིང་བཀོད་ཀྱི་གྱན་ཐང་བྱོན་ལེགས།པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་ཆ་ཚང་དང་།གཡེར་གཤོང་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་ཆ་ཚང་སོགས་རྟེན་གསུམ་གྱི་སྐོར་མང་པོ་བཞུགས།མཆོད་རྟེན་གྱི་ཕྱིའི་བཀོད་པ་ནི། ཆོས་འཁོར་བཅུ་གསུམ་གྱི་རྩེ་མོ་ནས་རྨང་གཞིའི་བར་ལཉྫའི་གདུགས་དཀར་གྱི་སྙིང་བོ་དང་།ཚེ་གཟུངས་འབུར་ཐོན་དུ་ཡོད་པ་དང་། བུམ་སྟོད་ལ་ལྟུང་བཤགས་ལྷ་སོ་ལྔ་དང་།བུམ་སྨད་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བའི་སྐུ་འདྲ།བང་རིམ་སྟེང་མ་ལ།མཆོད་རྟེན་ཉེར་བརྒྱད་དང་བུམ་རྒྱན་ལ་རིགས་ལྡན་ཉེར་ལྔ་སོགས། ཕྱོགས་བཞིའི་དབུས་སུ།ཤར་དུ་དཔལ་མཆོག་དང་པོ། ལྷོར་རྡོར་དབྱིངས།ནུབ་ཏུ་ཀུན་རིག བྱང་དུ་རྒྱུད་རྡོ་རྗེ་རྩེ་མོ་རྣམས་ཀྱི་སྐུ་གཟུགས་མི་ཚད་ཅན་དང་། བང་རིམ་འོག་མ་ལ།ཉེ་བའི་སྲས་ཆེན་བརྒྱད་ཚར་བཞིས་བསྐོར་བ་དང་། ཕྱོགས་བཞིའི་དབུས་སུ་ཤར་དུ་ཆོས་དབྱིངས་གསུང་དབང་དང་། ལྷོར་རྣམ་སྣང་མངོན་བྱང་།ནུབ་ཏུ་རྡོ་རྗེ་ཤུགས།བྱང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་བཅས་ཀྱི་སྐུ་གཟུགས་མི་ཚད་ཅན་དང་། རྨང་གཞིའི་མཐའ་བསྐོར་ཀྱི་སྟེགས་བུའི་སྟེང་མཎྜལ་གྱི་ཚོམ་བུ་དང་། བདེ་གཤེགས་མཆོད་རྟེན་བཅུ་གཉིས་ཀྱིས་བསྐོར་བ།འོག་གི་མ་ཎི་ཁང་གྱན་དྲུག་ཅུའི་ནང་དུ་གསེར་ཟངས་ཀྱིས་བརྒྱན་པའི་མ་ཎི་འཁོར་ལོ་བཞི་བརྒྱར་ཉེ་བ་དང་། ལྡེབས་ངོས་སུ་སངས་རྒྱས་སྟོང་སྐུ་བཞུགས།མདོར་ན་མཆོད་རྟེན་འདིའི་བཟོ་བཀོད་པ་དང་ལག་རྩལ་པ་མང་ཆེ་བ་སྒོ་དམར་སྡེ་བའི་སྐྱ་སེར་ཐུན་མོང་རྣམས་ཡིན་པ་དང་།མཆོད་རྟེན་གྱི་ཕྱིའི་བཟོ་བཀོད་དང་། ནང་རྟེན་སོགས་ལ་ཞིབ་མཇལ་གནང་ཚེ།ད་གཟོད་བོད་ཀྱི་རིག་གནས་སྤྱི་དང་།བྱེ་བྲག་ཏུ་རེབ་གོང་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་སུམ་ལམ་ནས་མཐོང་ཐུབ།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,