སྒོ་དམར་འཆམ།

རྩོམ་པ་པོ།……ཚངས་དབང་དགེ་འདུན་བསྟན་པ།

རེབ་གོང་ས་ཁུལ་དུ་འཆམ་སྟེགས་པའི་དགོན་པ་མང་ཡང་། སྒོ་དམར་གྱི་འཆམ་ནི་གཞན་དང་མི་མཚུངས་པའི་བྱིན་རླབས་ཤིན་ཏུ་ཆེ་བར་བཤད། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་༼བསྟན་རྩིས་ཀུན་བཏུས༽་ལས། རབ་བྱུང་བཅུ་བཞི་བའི་ལྕགས་བྱ་ལོར་(སྤྱི་ལོ་༡༨༦༡ལོ་ཡིན)རེབ་གོང་སྒོ་དམར་དུ་ བྱ་ཁྱུང་གི་འཆམ་བཙུགས། ཞེས་བོད་ཁ་བ་ཅན་སྤྱིའི་བསྟན་རྩིས་བཤད་པའི་སྐབས་སུའང་དེ་འདྲ་དམིགས་བསལ་གྱིས་ གསུངས་པ་ནི་དགོངས་བཞེད་ཁྱད་པར་བ་ཡོད་སྐད།༼སྐུ་ཕྱོགས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽་དུའང་། ལྕགས་བྱ་ལོར། སྒོ་དམར་དགོན་དུ་བྱམས་ཆེན་ཉམས་གསོས་བགྱིས་གྲུབ་པ་ལ་རབ་གནས་མདོར་བསྡུས་གནང་། དེ་གར་བྱ་ཁྱུང་གི་འཆམ་གསར་དུ་ཚུགས་པས་བེག་ཙེ་གཙོ་འཁོར་གསུམ་དང་ཀེང་རུས་བཞི་ བཅས་ཀྱི་འཆམ་རྒྱུགས་ཕུལ་བར་དགྱེས་གཟིགས་མཛད། ཅེས་གསལ་ཞིང་། ཡང་དེ་ཉིད་ལས། ཉེར་བདུན་ལ་སྒོ་དམར་དགོན་དུ་ཕེབས། དེ་གར་བྱ་ཁྱུང་གི་འཆམ་གསར་དུ་ཚུགས་པ་རྗེ་ཉིད་ལ་གཟིགས་འབུལ་ཞུས་པར། ཤར་མཆོག་སྤྲུལ་རིན་པོ་ཆེ་ཡང་འཆམ་གཟིགས་ཀྱི་ཆེད་དུ་ཕེབས་པ་ལ་མཇལ་འཛོམ་དང་ ཐུགས་བཞེད་ལྟར། ཞེས་འཁོད་ཡོད་ཅིང་། གོང་གི་ནང་དོན་དེ་དག་ལས་སྒོ་དམར་དུ་བྱ་ཁྱུང་གི་འཆམ་ཚུགས་ཏེ་ཐོག་མར་སྟེགས་ དུས་ཤར་ཚང་དང་ཨ་རོལ་རིན་པོ་ཆེ་སོགས་བླ་ཆེན་མང་པོ་འཆམ་གཟིགས་སུ་ཕེབས་མྱོང་བ་ གསལ་བས་སོ།། སྤྱིར་ན་རོང་པོ་དགོན་ཆེན་དང་སེང་གེ་གཤོང་དགོན་པ་སོགས་ཀྱི་འཆམ་ཡང་བྱ་ཁྱུང་ གི་འཆམ་རྒྱུན་ཡིན་ཡང་དེ་དག་ལོ་རྒྱུས་བསྟན་རྩིས་སུ་ཅི་ཞིག་ལ་མི་འགོད་པ་ཡིན་ ནམ་ཞེ་ན། དེ་ནི་མི་འདྲ་སྟེ། བྱ་ཁྱུང་གི་འཆམ་ཞེས་པའི་རྩ་ཆེན་དུ་བརྩི་བའི་རྒྱུ་མཚན་ནི། གཙོ་བོ་བེག་ཙེའི་འཆམ་ཡོད་མེད་ལ་བཤད་པ་རེད། དེ་ཡང་དེའི་དོན་ནི། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་བརྩམས་པའི་༼བྱ་ཁྱུང་དགོན་པའི་གདན་རབས༽་ སུ། ཁྲི་ཆེན་ངག་དབང་མཆོག་ལྡན་བྱ་ཁྱུང་གི་ཆོས་གྲྭར་བཞུགས་དུས། མངས་རིས་ཕྱོགས་ནས་འོངས་པའི་བེག་ཙེའི་འཆམ་ལ་མཁས་པ་ཞིག་གིས། ཛ་ཛ་ཀྱེ་ཀྱེ་ཞེས་པའི་དྲག་སྐུལ་དང་སྦྲགས་པའི་སྒྲོག་འགྲོས་ཀྱི་འཆམ་སྲོག་བདག་ དམར་པོའི་གར་སྟབས་འདི་བསླབས་པ་ཡིན་ཞེས་ཇུ་ནང་ཁྲི་རྒན་ཚང་གི་གསུང་སྒྲོས་སུ་ སྣང་། ཞེས་གསུངས་པ་ནི་བྱ་ཁྱུང་གི་འཆམ་རྒྱུན་དེ་རྩ་ཆེན་ཡིན་པའི་ཁུངས་བསྟན་པ་རེད། བེག་ཙེའི་ཕོ་བྲང་མ་རུ་ཙེ་བྱ་བ་དེ་མངའ་རིས་ཕྱོགས་སུ་ཡོད་པ་ཆོས་སྐྱོང་གི་ལོ་ རྒྱུས་རྣམས་སུ་གསལ་ཞིང་། མ་རུ་ཙེ་ནི་གནས་རི་ཞིག་གི་མིང་ཡིན་ལ། དེའི་དབྱིབས་ནི་སྐྱེས་མའི་མཚན་མ་ཞིག་དང་མཚུངས་པས་དེ་ལྟར་ཐོགས་པར་བཤད། དོན་དུ་མངའ་རིས་ནས་འོངས་པའི་བེག་ཙེའི་འཆམ་ལ་མཁས་པ་དེ་བེག་ཙེའི་སྤྲུལ་བ་ཡིན་ པར་མཁས་པ་ལ་ལས་བཞེད་ཅིང་། དུས་ཕྱིས་སུ་ཁྲི་ཆེན་རིན་པོ་ཆེ་མངའ་རིས་མཐོ་ལྡིང་དགོན་པའི་ཁྲི་སར་ལོ་བདུན་ ལ་བཞུགས་པའི་སྐབས་སུ། མངའ་རིས་ཀྱི་དགོན་པ་ཞིག་ཏུ་བྱ་ཁྱུང་གི་བེག་ཙེའི་འཆམ་ཇི་བཞིན་དུ་སྟངས་སྟབས་ བྱེད་པ་མཐོང་ནས་རྩད་གཅོད་བྱས་པས། འདིའི་འཆམ་རྒྱུན་མངའ་རིས་ཀྱི་དགོན་པ་འདི་གཅིག་པུ་མ་གཏོགས་མེད་ཅེས་ཐོས་པས་ སྔོན་གྱི་གནས་ཚུལ་དེ་ལ་ཡིད་ཆེས་ཆེན་པོར་སྐྱེས། ཀེང་རུས་ཀྱི་སྐབས་སུ་པཱ་ར་མ་འདི་བྱ་ཁྱུང་དུ་ཡང་མེད་ཟེར། འདིའི་ལོ་རྒྱུས་འདི་ལྟར། བྱ་ཁྱུང་བླ་མས་འཆམ་སྟེགས་སྟངས་གདུང་ཡིག་དང་བཅས་པ་བསླབས་རྗེས། མཚན་ཞིག་ལ་སྒོ་དམར་དགོན་མགོན་ཁང་གི་མདུན་དུ་པཱ་སི་ཐི་ཨ་ཀོ་(དོར་སྐད་དུ་པཱ་ སི་ཐི་ཨ་ཀོ་ཞེས་པ་ནི། ལུད་འཚོལ་མཁན་གྱི་བུ་མོ་ལ་ཟེར)གཉིས་འོངས་ཏེ་ད་ལྟའི་པཱ་ར་མ་འདི་ལྟར་དུ་སྒོ་ དམར་དགོན་པའི་མགོན་ཁང་གི་མདུན་སར་སྟེགས་པ་མགོན་ཁང་ཨ་མཆོད་ཀྱིས་ཟླ་འོད་ལ་ བརྟེན་ནས་མཐོང་བ་རྣམས་ཕྱི་ཉིན་སྒོ་དམར་གྲུབ་དབང་ཚང་ལ་ཞུས་པ་ན། སྒོ་དམར་གྲུབ་དབང་རིན་པོ་ཆེས་ཐུགས་ཤིན་ཏུ་དགྱེས་ཏེ། ཞལ་ནས་སྒོ་དམར་དགོན་པའི་ལྷོ་ཕྱོགས་སུ་ཡོད་པའི་བ་མ་སྒང་ཟེར་བ་འདི་སྔོན་མཚན་ ཉིད་ཚང་བའི་དུར་ཁྲོད་ཅིག་ཡིན། ལུད་མ་གཉིས་ནི་དུར་ཁྲོད་དེའི་ཀེང་རུས་གཉིས་རེད། བ་མ་སྒང་བྱ་བ་ནི་ཁ་སྐད་དེ། ཡིན་པ་ནི་པདྨ་སྒང་ཟེར། སྒོ་དམར་དགོན་འདི་མཁའ་སྤྱོད་ཀྱི་ཞིང་ཁམས་དངོས་ཡིན་ཞེས་ཡབ་རྗེ་བླ་མ་གསེར་ཁང་ རིན་པོ་ཆེའི་ཞལ་ནས་ཡང་ཡང་གསུངས་ཤིང་། ང་ལའང་རྟགས་མཚན་བཟང་བོ་ཤར་མྱོང་། དེ་ལ་གནད་ཆེན་པོ་ཡོད་པས་ལུད་མ་གཉིས་ཀྱིས་ཇི་ལྟར་སྟངས་སྟབས་བྱེད་པ་ཇི་བཞིན་ དུ་དགོན་འདིའི་འཆམ་གྱི་གྲས་སུ་བཞག་སྟེ་འཁྲབ་པར་བྱ་ཞེས་གསུངས། ཕྱིས་སུ་ཀིརྟི་རིན་པོ་ཆེ་(བློ་བཟང་འཕྲིན་ལས་ཚང་ཡིན་ནམ་སྙམ)དང་། ཤར་སྤྲུལ་སྐུ་ཚང་། ཨ་རོལ་རིན་པོ་ཆེ་སོགས་འཆམ་གཟིགས་སུ་སྒོ་དམར་དུ་ཕེབས་ཏེ་འཆམ་བལྟས་རྗེས། ཀིརྟི་ཚང་གིས་སྒོ་དམར་གྱི་འཆམ་འདི་ཤིན་ཏུ་བཀའ་རྒྱ་མར་འདུག སྒོས་སུ་བེག་ཙེའི་སྐོར་དགོན་འདི་གའི་བླ་རྒན་རྣམས་ལ་བཀའ་འདྲི་གནང་བྱུང་བས། གོང་འཁོད་ཀྱི་གནས་ཚུལ་ལྟར་ཡར་ཞུ་ཕུལ་ཅེས་སྒོ་དམར་གྱི་བགྲོས་པོ་ཚོའི་ངག་ སྒྲོས་ལས་ཐོས་ལ། ཡིག་ཚང་དང་རྣམ་ཐར་ཁག་ཏུའང་འཁོད་པ་མཐོང་ལམ་དུ་བྱུང་ངོ་།།སྒོ་དམར་དུ་བོད་ ལོའི་ཟླ་བ་བྱ་བ་ནི། ལུགས་རྙིང་གི་ཟླ་བ་བཅུ་གཉིས་པ་ལ་ཟེར་ཞིང་། སྒོ་དམར་གྲུབ་དབང་གིས་བཙུགས་པའི་བོད་ལོ་སྐུ་རིམ་ཉིན་ལྔའི་རྗེས་སུ། ཉེར་དགུ་ལ་འཆམ་སྟེགས་པ་ཡིན་ལ། འཆམ་པ་རྣམས་འཆམ་གོས་དང་རུས་རྒྱན་སོགས་ཚུལ་མཐུན་གྱིས་གྱོན་ཞིང་།. སྐབས་གང་ཡིན་གྱི་མཆོད་རྫས་རྣམས་ཐོགས་ཏེ་རོལ་མོ་དང་བཅས་གར་འགྲོས་ཀྱིས་འོངས་ ནས་དྲུག་ཅུ་བའི་གཏོར་ཆེན་ལ་གཡས་སྐོར་བྱས་ཏེ་འཁྲབ་ལ། མཆོད་དབྱངས་པ་རྣམས་ཀྱིས་འཆམ་ཡིག་ལྟར་རྡོ་རྗེ་གླུ་སོགས་ཕྱག་ལེན་ཁུངས་ཐུབ་གང་ ཡོད་ཀྱི་རྟ་དབྱངས་དང་། ཕྱག་རྒྱ། རྔ་སྦུབ་བརྡུང་ལུགས་གར་འགྲོས་ཀྱི་དབྱངས་དང་བཅས་འདེགས་སྐྱོར་བྱས་པ་དང་། དུང་འབུད་དང་ཙི་འབུད་པ་རྣམས་ཀྱིས་ཀྱང་དུང་ཆེན་དང་རྒྱ་གླིང་འབུད་པ་ཡན་ཆད་ སྒོ་དམར་གྲུབ་དབང་དང་བྱ་ཁྱུང་ཨ་ལགས་གཉིས་ཀྱིས་བསླབས་པ་ཡིན་པས། ཤིན་ཏུ་བཀའ་རྒྱ་མ་ཡིན་ཚུལ་༼འཆམ་ཡིག༽་ཏུ་འཁོད་པ་འདི་ལྟར་ཏེ།མདོ་སྨད་བསྟན་ པའི་འབྱུང་ཁུངས་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་བླ་མ་ལས་སྣེ་སོགས་ ལ་སྙན་ཤལ་ཕུལ་ནས་ཆོས་རྒྱལ་སྐྱེས་ཚུལ་དང་ལྕམ་སྲིང་གི་སྐོར་དགྱེས་བཞིན་གནང་། གྲོ་ཚང་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་བཟང་བརྩོན་འགྲུས་དང་། བློ་བཟང་རྣམ་རྒྱལ། འཆམ་དཔོན་བློ་བཟང་ཚུལ་ཁྲིམས་གསུམ་གྱིས། བིས་ཐང་བསམ་གྲུབ་བདེ་ལྡན་གླིང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་བློ་བཟང་རྒྱ་ མཚོའི་སྤྱན་སྔར་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གྲྭ་བ་ལྔ་སོགས་ལ་ལྕམ་སྲིང་ གི་འཆམ་དང་། དབྱངས་བརྡུང་ལ་སོགས་པ་སྦས་གསང་མེད་པར་བསླབ་པ་ཡིན་ལ། འདི་ནི་བླ་མ་རྡོ་རྗེ་འཆང་གི་བྱིན་རླབས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ཕྱག་ ལེན་ཇི་ལྟ་བུ་བཞིན་འཛུགས་པ་ཡིན་པས། དེང་ཕྱིན་ཆད་ཕྱག་ལེན་དབྱངས་དང་བརྡུང་དུང་ལ་སོགས་པ་ཇི་ལྟ་བུ་བཞིན་མ་ནོར་བར་ རྒན་པ་ལས་སྣེ་སོགས་ཀྱིས་དོ་དམ་གང་དྲག་བྱེད་པ་གལ་ཆེ་ཆེ། གང་ཡིན་ལ་བསླབ་མི་ཆོག་པ་དང་གཡོ་ཐབས་དང་རྐུ་ཐབས་ཀྱིས་ཡོ་བྱད་ཕྲན་བུ་ལ་བལྟས་ ནས་བསླབ་ན། ཆོས་སྐྱོང་ལྕམ་དྲལ་གྱིས་དེའི་སྙིང་ཁྲག་བཞེས་ལ་ཚར་ཆོད་ཅིག ས་མ་ཡ་རྒྱ་རྒྱ། ཞེས་བཀོད་ཡོད། བཤད་ཚུལ་ཞིག་ལ།བྱ་ཁྱུང་གི་འཆམ་བེག་ཙེའི་སྐོར་འདི་བྱ་ཁྱུང་ལས་གཞན་མི་སྤེལ་ ཡང་། བྱ་ཁྱུང་གི་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་དང་འཆམ་དཔོན་བླ་མ་གཉིས་སྒོ་ དམར་གྲུབ་དབང་གི་དངོས་སློབ་ཡིན་པས།ཁོང་གཉིས་རང་གི་བླ་མར་མཆོད་པའི་ཆེད་དུ་ བྱ་ཁྱུང་གི་འཆམ་འདི་སྒོ་དམར་དུ་སྤེལ་ཞེས་གྲགས་ཤིང་། གོང་གི་༼སྒོ་དམར་གྱི་འཆམ་ཡིག༽་ལས་འཁོད་པའི་ནང་དོན་ལ་དཔགས་ན་དངོས་གནས་དེ་ འདྲའི་དམིགས་བསལ་གྱི་གནས་ཚུལ་ཞིག་བྱུང་ཡོད་པ་འདྲའོ།། སྒོ་དམར་གྱི་འཆམ་འབག་གི་ལོ་རྒྱུས་ཀྱང་ཁྱད་པར་བ་ཞིག་ཡིན་ཏེ། བཞེངས་མཁན་དང་ཞལ་འབག་གི་རྫས་སྦྱོར་ཡང་མི་གཅིག་པར་བཤད། ཞལ་འབག་བཞེངས་མཁན་ནི། ལྷ་བཟོ་བློ་གྲོས་ཞེས་མདོ་སྨད་ན་མིང་དུ་གྲགས་པའི་མཁས་པ་དེ་ཡིན་ཞིང་། ཁོང་ནི་སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོ་དང་ཞྭ་དམར་པཎྚི་ཏའི་གམ་བཅར་ལྷ་ རིས་པ་ཡིན། ལོ་རྒྱུས་ཅུང་རྒྱས་པ་ཞིག་ངེད་ཀྱིས་བྲིས་པའི་༼ལྷ་བཟོ་བློ་གྲོས་ཀྱི་བྱུང་བ་ དང་ཁོང་གི་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར་ཆེ་ལོང་ཙམ་གླེང་བ༽ ་ཞིག་༼བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག༽་དང་སྒོ་དམར་གྱི་ལོ་དེབ་༼རེ་བའི་འོད་ སྣང་༽དང་། གཞན་༼མཚོ་སྔོན་པོའི་དྲ་བ༽་བཅས་སུ་བཀོད་ཡོད་པས་དེར་གཟིགས་པར་ཞུ། སྒོ་དམར་གྱི་རྒན་རྒོན་ཚོའི་བཤད་རྒྱུན་ལ། སྒོ་དམར་གྱི་ཞལ་འབག་རྣམས་རང་བྱོན་ཡིན་ཟེར།དེའི་དོན་ནི། ལྷ་བཟོ་བློ་གྲོས་ཀྱིས་འཆམ་འབག་དེ་དག་ཐེངས་བཅུ་གསུམ་ལ་བསྐྱར་བཟོ་བྱས་ཀྱང་།ད་ དུང་ཁོའི་བློ་ངོ་ན་མཆིས་པའི་སྒྱུ་རྩལ་གྱི་བློས་བསླངས་དེ་འདྲ་ཞིག་བཞེངས་མ་ ཐུབ་པའི་སྡུག་ཡུས་ཀྱིས་ཞལ་འབག་བཞེངས་འཕྲོ་རྣམས་གོར་བསྲེགས་ཁང་(གོར་བསྲེགས་ ཁང་བྱ་བ་ནི་ཨ་མདོའི་ཁ་སྐད་དེ། བྲོ་བཟོ་སའི་ཁང་བ་ལ་ཟེར)དུ་གཡུགས་བཞག་ཅིང་། མཚན་ཞིག་ལ་ཆར་བ་ཆེན་པོ་ཞིག་བབས་ནས་གོར་ཁང་ཐིགས་ཆུས་ཁེངས་ཤིང་། ཕྱི་ཉིན་ཞོགས་པ་ལྷ་བཟོ་བློ་གྲོས་འཆམ་འབག་བལྟ་རུ་སོང་བ་ན། ཞལ་འབག་རྣམས་གཤོང་ས་གཤོང་བ་དང་འབུར་ས་འབུར་དུ་ཐོན་ཡོད་པས། ཁོས་འཇམ་བརྡར་ཞིག་རྒྱག་པ་མ་གཏོགས་ཐིགས་ཆུས་བཟོས་པ་ཇི་བཞིན་རང་སོར་བཞག་པས་ རང་བྱོན་ཡིན་ཟེར།དེའི་ཕྱིས་སེང་གེ་གཤོང་གི་འཇིམ་བཟོ་མཁས་ཅན་དགེ་སློང་བསྟན་ འཛིན་གྱིས་སྒོ་དམར་གྱི་འཆམ་འབག་རྣམས་མ་ཕྱིར་བླངས་ཏེ། ཡ་འགོ་དགོན་པའི་འཆམ་འབག་རྣམས་ཡང་བསྐྱར་བཞེངས་པ་ཡིན་ཡང་།ཇི་ལྟ་བུ་ཞིག་བཟོ་མ་ ཐུབ་ཅེས་བཤད་ཚུལ་ལ་དཔགས་ན། སྐབས་དེར་ལྷ་བཟོ་བློ་གྲོས་ཀྱི་སྒྱུ་རྩལ་གོ་རྟོགས་དང་ལག་རྩལ་ཚད་ངེས་ཅན་ཞིག་ ལ་ཐོན་ཡོད་པ་འདྲ། དེ་ཅི་ཡིན་ཞེ་ན། ལྷ་བཟོ་བློ་གྲོས་ནི་བྲིས་བཟོ་ཡིན་པ་ལས་འབག་བཟོ་མིན་ཡང་། འོན་ཏེ་དགེ་སློང་བསྟན་འཛིན་ནི་དུས་ཐོག་དེར་རེབ་གོང་གི་འབག་བཟོ་རྣམས་ལས་ཏོག་ ལྟར་མཐོ་བ་ཞིག་ཡིན་པས། དེས་ཀྱང་ལྷ་བཟོ་བློ་གྲོས་ཀྱིས་བཞེངས་པ་དེ་ལྟ་བུ་ཞིག་བཞེངས་མ་ཐུབ་པའི་ཚིག་ སྒྲོས་ལ་བརྟགས་ན་ཤེས་ནུས་སོ།།ཞལ་འབག་ཚད་ལྡན་བཞེངས་ན་རྒྱུད་སྡེ་ལས་བཤད་པའི་ རྫས་སྦྱོར་ཆ་ཚང་དགོས་པ་ཡིན་ལ། རྫས་སྦྱོར་ལ་ལ་ཞིག་ལག་སོན་འབྱུང་རྒྱུ་ཧ་ཅང་དཀའ། སྒོ་དམར་གྲུབ་དབང་ཚང་གིས་ཞལ་འབག་གི་རྫས་སྦྱོར་ལ་བྱང་གི་དགོན་ཆེན་བཞི་དང་། རྭ་རྒྱ། གྲོ་ཚང་དགོན། ལོ་གྱ་ཏུན། བྱམས་པ་འབུམ་གླིང་སོགས་ནས་ཁོང་གི་དགེ་རྒན་དང་སློབ་མ་རྣམས་ལས་རྫས་སྦྱོར་ བསླངས་ཤིང་། ཨ་རོལ་རིན་པོ་ཆེ་ནས་རེབ་གོང་གི་བླ་ཆེན་དང་མི་ཆེན་ཚོའི་ལག་ནས་རྟེན་སྣ་བསླངས་ པས་མཐར་སྒོ་དམར་གྱི་འཆམ་འབག་བཟོ་སྤྱད་འཇིམ་པར་བསྲེས་ནས་བཞེངས་པ་ཡིན་པས་རྫས་ སྦྱོར་གཅིག་པུས་ཀྱང་གཞན་དང་མི་མཚུངས་ཞེས་བཤད་དོ།། དགེ་བཤེས་བློ་བཟང་དགེ་འདུན་གྱི་༼སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་དཀར་ཆག་༽ ཏུ། ལས་མཁན་སྲོག་བདག་དམར་པོའི་ཞལ་འབག་གི་ནང་རྟེན་ནི། རྗེ་ཙོང་ཁ་པ་ཆེན་པོའི་ཤངས་མཚལ། ན་བཟའ། སྐྱབས་མགོན་རྒྱལ་དབང་གི་ཕྱག་ཚ་སྟོན་པའི་སྐུ་གཅིག གསེར་ཁང་རྡོ་རྗེ་འཆང་གི་ཤངས་ཁྲག རྗེ་བློ་བཟང་ལུང་རིགས་རྒྱ་མཚོའི་དབུ་སྐྲ། ཤངས་ཁྲག ཞྭ་དམར་པཎྚི་ཏའི་དབུ་ལྗོན། ན་བཟའ། ཚང་ཚང་སྨྱུང་གནས་པའི་ན་བཟའ། ས་སྔགས། ཨ་ཁུ་རིན་པོ་ཆེའི་ན་བཟའ། མཐར་ཤུལ་རིན་པོ་ཆེའི་ན་བཟའ། གྲུབ་དབང་བློ་བཟང་རྒྱ་མཚོའི་ན་བཟའ། བྱ་ཁྱུང་བདུད་རྩི་རིལ་བུ། སྐྱེ་བདུན་རིལ་བུ། རྟེན་འདུས་རིལ་བུ། རྒྱ་ནག་མ་ཎི་རིལ་བུ། མཚོ་མ་ཕམ་ཉ་ཤ་ཕྱེ་མ། གནས་ཆེན་ཁ་བ་དཀར་པོའི་ས་སྣ་ཆུ་སྣ། ཞེས་ཚད་ལྡན་གྱི་གཞུང་ལས་བཤད་པ་བཞིན་མང་དུ་བཞུགས་པར་གསལ་པས། དེས་ཀྱང་ཁྱད་པར་བ་ཡིན་པ་ཤེས་ནུས་པའི་ཕྱིར་རོ།། སྤྱིར་འདིའི་གཤམ་དུ་སྒོ་དམར་དགོན་པའི་འཆམ་སྟེགས་སྟངས་ཀྱི་གོ་རིམ་བཞིན་རྒྱས་ པ་ཞིག་འབྲི་འདོད་ཡོད་ཀྱང་། བཀའ་རྒྱ་མ་ཡིན་པས་སྒོ་དམར་གྱི་མི་རྣམས་ཤིན་ཏུ་འཛེམས་པས་རེ་ཞིག་བཞགགལ་ཏེ་ ཆོས་སྐྱོང་ལྕམ་སྲིང་གིས་བྲི་ཆོག་པའི་མཚན་ལྟས་ཤར་ཚེ་དེ་དུས་ཞིབ་ཏུ་བཤད། ང་རང་དེ་སྔོན་སྒོ་དམར་གྱི་གྲྭ་རྒྱུན་ཡིན་དུས་དུང་འབུད་མཁན་ལ་ལོ་གསུམ་བསྡད་ མྱོང་བས། འཆམ་གྱི་ལོ་རྒྱུས་བརྒྱུད་རིམ་དང་སྟབས་སྟངས། བརྡུང་དབྱངས། སྒྲིག་ལམ་སོགས་ལ་ཅུང་རྒྱུས་མངའ་ཆེ་ཞིང་། ལྷག་པར་དུ་དགོན་འདི་གའི་ཚོགས་གྲལ་དུ་བག་ཆགས་བཞག་སྟེ། ཚོགས་ཟངས་ནས་ཚོགས་རྫས་ཟས་ཤིང་ཚོགས་ཇ་འཐུང་མྱོང་བའི་མི་ཞིག་ཡིན་པས་རུས་ཞེན་ ཆེ་བ་ནི་བཤད་མ་དགོས།ཡིན་ནའང། ཉེ་ཆར་རྒྱའི་པར་རྒྱག་མཁས་པ་དབྱང་ཡེན་ཁེང་བྱ་བ་དེས་སྒོ་དམར་གྱི་འཆམ་སྟེགས་ སྟངས་རྣམས་པར་རྒྱག་སྟེ་འགའ་རེས་ཉིད་ཀྱི་པར་དེབ་ནང་དུ་བཀོད་ཡོད་པའི་གྲས་སུ། སྒོ་དམར་གྱི་བུད་མེད་ན་ཚ་ཅན་འགའ་རེས་འཆམ་འོག་ཏུ་འཛུལ་ན་ན་ཚ་དྭངས་སོང་བ་མང་ བས། འཆམ་འོག་ཏུ་འཛུལ་མཁན་མང་། དེའི་སྐོར་དབྱང་ཡེན་ཁེང་གིས་པར་བཏབ་པའི་པར་རིས་ཤིག་༼ཤར་དུང་རི་༽བྱ་བའི་དུས་ དེབ་ཀྱི་མགོ་ཤོག་ལ་བཞག་སྟེ། བོད་ཀྱི་བུད་མེད་ཚོའི་ལས་དབང་འདི་འདྲ་རེད་ཅེས་དཔེར་མཚོན་སྟོན་པའི་ཁྱབ་ བསྒྲགས་བྱས་འདུག དེ་ལ་སྡེ་འདི་གའི་སློབ་མ་ཞིག་གིས་མཐོང་ནས་བཟོད་དཀའ་བའི་ཁོག་དཔུང་བསྐྱེད་དེ། ཁོས་སྒོ་དམར་གྱི་བུད་མེད་ཚོས་འཆམ་འོག་ཏུ་འཛུལ་མི་ཉན་པའི་སྐོར་གྱི་རྩོམ་ཡིག་ ཅིག་བྲིས་པ་ལ། རང་སྡེའི་སྒར་གྲོང་གི་མི་ལ་ལས་དེ་ལ་ལྟ་ཚུལ་གཞན་ཞིག་བཟུང་སྟེ། སློབ་མ་དེ་ལ་དགག་པ་བརྒྱབ་པ་མ་ཟད་ད་དུང་འཇིགས་སྐུལ་ཡང་བཏང་འདུག ངོ་མ་བཤད་ན། དེ་འདྲ་བྱེད་དགོས་དོན་ཅི་ཡང་མེད། ངས་བལྟས་ན། དེ་ནི་འདི་ལྟར་ཡིན་ཏེ།པར་ལེན་པ་དབྱང་ཡེན་ཁེང་ནི་ཉེ་ཆར་ཀྲུང་གོའི་པར་ལེན་ མཁས་པའི་གྲས་ནས་མིང་གྲགས་ལྡན་པའི་པར་ལེན་པ་ཞིག་ཡིན་ལ། ཁོས་གདམ་གསེས་བྱེད་པའི་པར་ལེན་གྱི་བརྗོད་བྱ་མང་ཤས་བོད་བརྒྱུད་ནང་བསྟན་གྱི་ སྐོར་ཡིན་ཞིང་། ཁོས་བཤད་པ་ལྟར་ན་ཁོ་རང་ཉིད་ཀྱང་བོད་བརྒྱུད་ནང་བསྟན་ལ་དད་པའི་ཆོས་ལུགས་པ་ ཡིན་ཟེར། དེའི་ཕྱིར་། ཁོས་བོད་བརྒྱུད་ནང་བསྟན་གྱི་དད་པ་མཐར་ཐུག་མཚོན་པའི་རྣམ་འགྱུར་དང་ཁོར་ཡུག་ བཅས་ནི་པར་ལེན་གྱི་བརྗོད་བྱ་གཙོ་བོ་རེད། ༼ ཤར་དུང་རི༽་བྱ་བའི་དུས་དེབ་ནི་ཉེ་སྔོན་བོད་ཀྱི་དུས་དེབ་ཁག་ལས་ཅུང་བོད་ཀྱི་ སྤྱི་ཚོགས་ཀྱི་གནད་དོན་ལ་ཐད་ཀར་དགེ་སྐྱོན་གླེང་བའི་དམིགས་བསལ་གྱི་དེབ་ཅིག་ ཡིན་ཞིང་། བོད་ཀྱི་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཡང་མི་དམན་པ་ཞིག་བཞག་ཡོད། དེའི་ཕྱིར། ཁོ་ཚོས་གདམ་གསེས་བྱེད་པའི་རྩོམ་གྱི་བརྗོད་བྱ་མང་ཤས་ནི་ཏག་ཏག་སྒོ་དམར་གྱི་ བུད་མེད་ཚོས་འཆམ་འོག་ཏུ་འཛུལ་བའི་གནས་ཚུལ་དེ་དག་ནི་ཁོ་ཚོ་ལ་དགོས་པའི་བརྗོད་ བྱ་གཙོ་བོ་ཡིན་ཕྱིན། དུས་དེབ་དེའི་མགོ་ཤོག་ཏུ་བཞག་སྟེ་བོད་ཀྱི་བུད་མེད་ཚོའི་ལས་དབང་ལ་སེམས་ཁྲལ་ དང་འདི་འདྲའི་རིགས་ལ་དགག་པ་རྒྱག་པ་ནི་ཐད་ཀྱིས་བལྟས་ན་དངོས་ཡོད་གནས་ཚུལ་དང་ མཐུན་པ་ཞིག་རེད། སྒོ་བུ་ཤ་བོ་ཚེ་རིང་ཞེས་པའི་སློབ་མ་འདི་ནི་ཆུང་དུས་ནས་བོད་ཀྱི་རིག་གནས་ལ་ དགའ་ཞིང་ལོ་ཚོད་ཀྱི་ཐད་ནས་བཤད་ན། རྩོམ་རྩལ་ཡང་བཟང་རབས་ཤིག་རེད། ཁོས་༼ཤར་དུང་རི༽་ཡི་དུས་དེབ་ཀྱི་མགོ་ཤོག་སྟེང་དུ་སྒོ་དམར་གྱི་བུད་མེད་ཚོས་ འཆམ་འོག་ཏུ་འཛུལ་བའི་གནས་ཚུལ་དེ་བཀོད་ཡོད་པ་མཐོང་ནས། རང་དགོན་གྱི་འཆམ་དང་བུད་མེད་ཚོས་བོད་ཀྱི་སྤྱི་ཚོགས་ཀྱི་གོམས་ངན་མཚོན་པའི་ དཔེར་གཞིར་དྲངས་པ་ནི་གཏན་ནས་མི་ལེགས་པའི་ཡུལ་སྲོལ་ངན་པ་ཞིག་རེད་འདོད་དེ། དེ་བསྒྱུར་བཅོས་བྱེད་དགོས་པའི་རེ་འབོད་དང་བཅས་རྩོམ་ཡིག་ཅིག་བྲིས་པ་ལ། སྒོ་དམར་གྱི་མི་ལ་ལ་ཞིག་གིས་གོང་དུ་བཤད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མ་ མཁྱེན་ནས་ཐད་ཀར་སློབ་མ་དེར་ངན་སྨྲས་ཀྱི་ངང་ནས་སྐྱོན་བརྗོད་དང་ད་དུང་གྲབ་ རྒྱག་ཁ་ཅིག་གིས་འཇིགས་སྐུལ་ཡང་བཏང་འདུག དེ་ནི་དངོས་གནས་མི་འོས་པ་ཞིག་རེད། དེ་ཅི་ཡིན་ཞེ་ན། གོང་དུ་བཤད་པའི་དབྱང་ཡེན་ཁེང་དང་ཤར་དུང་རི། སྒོ་བུ་ཤ་བོ་ཚེ་རིང་བཅས་གང་ཡིན་ཡང་ཁོ་ཚོས་རང་རང་གི་བསམ་བློའི་ལྟ་སྟངས་མི་ འདྲ་བ་པའི་ཆ་ནས་བླངས་པའི་པར་དང་། རྩོམ་ཡིག་ཡིན་པས་རང་རང་ལུགས་ལ་རང་རང་དབུ་མ་བ་ཞེས་པ་ལྟར་ཡིན་པས། ལྟ་ཚུལ་མི་གཅིག་པའི་གནས་ཚུལ་ཙམ་ལས་དེ་འགྲིག་མི་འགྲིག་གི་གནད་དོན་ཆེན་པོ་ མེད་དེ། སྤྱིར་ན་སྒོ་དམར་གྱི་བུད་མེད་ཚོས་འཆམ་འོག་ཏུ་འཛུལ་བའི་གནད་དོན་དངོས་ལ་བཅར་ འདྲིའི་རང་བཞིན་གྱིས་ཞིབ་འཇུག་ཅིག་བྱས་ཡོད་ཚེ། དེ་ལྟ་བུ་འཇིགས་སུ་རུང་བའི་གནས་ཚུལ་ཞིག་གཏན་ནས་མིན། ནད་པ་དྲག་ཅན་གྱི་བུད་མེད་ལ་ལས་འཆམ་འོག་ཏུ་འཛུལ་བས་ནད་གཞི་དྲག་སོང་བ་དངོས་ ཡོད་གནས་ཚུལ་ཡིན་ལ། དེ་ལ་ཚན་རིག་གིས་བརྟགས་ན་འགྲིག་མི་འགྲིག་གི་དཔྱད་བརྗོད་སྤེལ་བའང་དོན་དང་ མཐུན་པ་ཞིག་མིན། རྒྱུ་མཚན་ནི། དད་པའི་སེམས་ཤུགས་ཀྱིས་བསྐྲུན་པའི་བདེ་བའི་རེག་བྱ་དེ་མྱོང་མཁན་ཞིག་གིས་ཤེས་ པ་ལས་རྩོམ་སྒྲིག་པས་ཤེས་པའི་ངེས་པ་མེད། འོན་ཏེ། ཡོད་ཚད་ལ་དག་སྣང་ཡང་སྟེར་དཀའ་བས་ཤར་དུང་རི་ལྟ་བུ་ཐེར་འདོན་པ་ཡང་དགོས་སོ།། གང་ལྟར་སྒོ་དམར་གྱི་འཆམ་ནི་ཐུན་མོང་མ་ཡིན་པའི་གསང་སྔགས་ཆོས་ལུགས་ཀྱི་ཆོ་ག་ མཚོན་པའི་གོམས་སྲོལ་ཞིག་རེད་ལ། དེ་ནི་ལོ་རྒྱུས་རིང་ཞིང་བྱིན་རླབས་ཀྱང་ཆེ་བར་བཤད་དོ།། སྒོ་དམར་གྱི་འཆམ་པ་ཚོས་བཤད་ན། བུད་མེད་ཚོས་འཆམ་འོག་ཏུ་འཛུལ་ན་བགྲོད་པར་ཡང་དཀའ་བས། དེ་ལྟར་མ་བྱེད་ཅེས་སྡེ་དཔོན་དང་བུད་མེད་རྒན་གཞོན་རྣམས་ལ་བཤད་ཀྱང་ཁ་ལེན་ བརྩི་བཀུར་མི་བྱེད་པས་ང་ཚོ་ལ་བྱ་ཐབས་ཅི་ཡོད་ཟེར། མདོར་ན་སྒོ་དམར་གྱི་འཆམ་ནི་བཀའ་རྒྱ་མ་ཡིན་པས་དོན་དག་ལ་ལའི་ཐད་མི་སྤྱིའི་གོ་ བ་ལེན་ཕྱོགས་ལྟར་བལྟས་ན་མི་འགྲིག་པས། ངེད་ཀྱིས་གནས་ཚུལ་འདི་དག་རྐྱེན་བྱས་ཏེ་སྒོ་དམར་འཆམ་གྱི་འབྱུང་ཁུངས་དང་དེའི་ ཁྱད་ཆོས་དག་ཀྱང་གཞན་དང་མི་མཚུངས་པ་ཡིན་ཕྱིན།. སྤྱི་ཚོགས་སྟེང་ཤུགས་རྐྱེན་ཡང་མི་ཉུང་བ་ཞིག་བཞག་ཡོད་པ་སོགས་དང་འབྲེལ་འཆམ་ གྱི་སྐོར་མདོ་ཙམ་བཤད་པ་འདིས་ཀྱང་། མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་ཏེ་གངས་ལྗོངས་ལུགས་གཉིས་འཕེལ་བའི་རྒྱུར་གྱུར་ ཅིག
བཀྲ་ཤིས།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,