སྒོ་དམར་ལྷ་རམས་པ་བསྟན་འཛིན་འོད་ཟེར་གྱི་ལོ་རྒྱུས།

grrབདེན་གཉིས་ཟུང་འཇུག་མཁའ་དབྱིངས་དག་པ་ལས།།
སྣང་སྟོང་དབྱེར་མེད་ཟུང་འཇུག་དང་པོའི་མགོན།།
ཐ་མལ་གདུལ་བྱའི་དཔལ་དུ་ལེགས་ཤར་བའི།།
དྲིན་ཅན་བླ་མ་རྣམས་ལ་གུས་བས་འདུད།།
རང་གི་རིགས་ལ་ལྷག་བསམ་དག་པ་འགས།།
ལེགས་པར་བསྐུལ་བའི་རྐྱེན་གྱིས་སྔོན་བྱུང་དང་།།
ད་ལྟའི་གནས་ཚུལ་སྙིང་བསྡུས་ཅུང་ཟད་ཅིག།
སྒྲོ་བསྐུར་སྤངས་ཏེ་ཇི་བཞིན་བཤད་པར་བྱ།།
དེ་ཡང་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་འབོད་པའི་ས་ཡི་དགེ་མཚན་དུ་མས་བརྒྱན་པའི་ས་ཡི་ཆར་སྒོ་དམར་དུད་ཁ་སྟོང་སྡེ་ཞེས་གྲགས་པའི་ཡུལ་དུ། སྔོན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ལ་ཚེ་དང་སྒྲུབ་པ་སྙོམས་པའི་རྣལ་འབྱོར་བ་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་དགེ་འདུན་དར་རྒྱས་དཔལ་བཟང་པོ་འཁྲུངས་བའི་ཁྱིམ་རྒྱུད་དུ། ཕ་ཕུན་ཚོགས་དང་མ་དོན་གྲུབ་སྐྱིད་གཉིས་ཀྱི་བུར་༡༩༧༡།༡༠།༡༠ ཉིན་སྐྱེས་ཤིང་། མིང་ལ་བསྐལ་བཟང་རིན་ཆེན་ཞེས་བཏགས་པ་རེད། དེ་ནས་ལོ་དགུར་སླེབས་པའི་ཚེ་རང་གི་སྡེ་བའི་སློབ་གྲྭར་ཞུགས་སྟེ་འཛིན་གྲྭ་དང་པོ་ནས་བཞི་བ་བར་སོང་བ་ཡིན། ལོ་བཅུ་གསུམ་ལ་སོན་པའི་ཚེ། རབ་ཏུ་བྱུང་འདོད་ནས་སློབ་གྲྭར་མ་སོང་བ་ཡིན། ལོ་བཅུ་བཞིར་སོན་པ་ན་བདག་ལ་ཆུང་དུས་ནས་དྲིན་གྱིས་བསྐྱངས་བའི་ཨ་ཁུ་བཀའ་དྲིན་ཅན་དེ་(མཚན་དངོས་བསྟན་པ་ཆོས་འཕེལ་ཞུ་བ)ཁོང་གིས་རང་དགོན་གྱི་འདུལ་བ་འཛིན་པ་ཨ་ཁུ་དཔལ་ལྡན་དང་། རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་སྡེ་ཨ་ཁུ་ཚང་སྟེ་མཚན་དངོས་དགེ་འདུན་བསྟན་འཛིན་ཞུ་བ་གཉིས་ལས་སུའི་མདུན་དུ་རབ་ཏུ་བྱུང་ཞེས་འདེམས་ཁ་གནང་བ་ན། ལྷ་སྡེ་ཨ་ཁུ་ཚང་གི་མདུན་ནས་རབ་ཏུ་བྱུང་བར་འདོད་ཅེས་ཞུ་བ་ལྟར་ཧོར་ཟླ་དྲུག་པའི་ཚེས་དྲུག་ཉིན་ཆོས་གྲོགས་རིན་ཆེན་བཀྲ་ཤིས་དང་ངེད་གཉིས་མཁན་པོ་དང་སློབ་དཔོན་གཅིག་ལྕོགས་ཀྱིས་ལྷ་སྡེ་ཨ་ཁུ་ཚང་གི་མདུན་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས་བ་རེད། དུས་དེ་ནས་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ཚོགས་ཞུགས་བྱས་ཏེ་ལོ་དགུའི་རིང་ལ་གསང་བ་འདུས་བ་དང་། འཇིགས་བྱེད།མགོན་ཆོས།ལྷ་མོ།ལྕམ་སྲིང་།གསེར་ཞུན་མ།ཀུན་རིགས་སོགས་ཚོགས་འདོན་སྐོར་དང་ཞོར་ཏུ་ཡི་གེ་འབྲི་ཀློག་ལ་ཡང་སྦྱངས། གཞན་མཁས་བའི་དབང་པོ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་ལམ་རིམ་ཚིགས་བཅད་མ་བློར་བཟུང་ནས་ཚོགས་རྒྱུགས་ཕུལ་ཏེ་དགེ་བའི་བཤེས་གཉེན་བརྩོན་འགྲུས་ནོར་བུ་ཚང་གིས་སྲོལ་བཙུགས་བ་བཞིན་ལོ་མང་རིང་ཚེས་བརྒྱད་དང་བཅོ་ལྔ་གནམ་གང་རྣམས་སུ་མཚན་ལ་ལམ་རིམ་སྐྱོར་སྦྱངས་བྱས་པ་ཡིན། ཕ་ཡི་སྤུན་ཆུང་ཨ་ཁུ་ངག་དབང་བསྟན་འཛིན་གྱི་མདུན་ནས་སུམ་རྟགས་དང་སྙན་ངག་ལའང་ཅུང་ཟད་སྦྱང་བ་ཡིན། ལོ་བཅོ་བརྒྱད་ལ་སོན་པའི་ཚེ་ཆོས་བ་རིན་པོ་ཆེ་ཚང་གིས་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་གཡེར་གཤོང་དགོན་པར་གདན་འདྲེན་ཞུས་ནས་གསུང་ཆོས་གནང་སྐབས་ཨ་ཁུ་བཀའ་དྲིན་ཅན་གྱིས་ང་ཁྲིད་ནས་གཡེར་གཤོང་དགོན་པར་སོང་སྟེ་ཨ་ལགས་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་ལམ་རིམ་ཆེན་མོ་དང་།སྔགས་རིམ་ཆེན་མོའི་བཤད་ལུང་།དེ་བཞིན་མི་ཚེ་ནང་ལ་འཇིགས་བྱེད་བསྙེན་ཆེན་གཅིག་བསྡད་པར་ཁས་བླངས་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཁྲིད་ཀྱང་ཞུས་བ་ཡིན། གཞན་ཡང་མགོན་ཆོས་ལྷ་མོ་ལྕམ་སྲིང་རྣམས་ཀྱི་རྗེས་གནང་དང་མི་ཏྲ་རྡོ་ཕྲེང་གི་དབང་མང་ཤོས་ཐོབ་པ་རེད། དབང་ལྷག་མ་རྣམས་དེའི་ཕྱི་ལོར་ལ་མོ་བདེ་ཆེན་དུ་ཉན་པ་ཡིན། ལོ་བཅུ་དགུའི་ཚེ་ལྷ་སྡེ་ཨ་ཁུ་ཚང་མཁན་པོ་བྱས་པ་དང་།འཇའ་མོ་ཨ་ཁུ་ཚང་གསང་སྟེ་སྟོན་པ་མཛད་ནས་དད་པའི་དགེ་འདུན་གྲངས་ཚང་བའི་མདུན་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ཐོབ་ཅིང་། ལོ་དེའི་དགུན་ཁར་འཇིགས་བྱེད་ཀྱི་ལས་རུང་ལ་ཟླ་གཅིག་རིང་བསྡད་པ་ཡིན། ལོ་ཉི་ཤུ་བ་ལ་ཡོངས་འཛིན་རིན་པོ་ཆེ་སྒོ་དམར་དགོན་པར་གདན་འདྲེན་ཞུས་ནས་ཟླ་གཅིག་ཙམ་གྱི་རིང་མཁའ་སྤྱོད་མའི་དབང་སོགས་དབང་དང་རྗེས་གནང་མང་དུ་གསུངས་པ་རྣམས་ཀྱང་ཉན། ལོ་ཚིགས་མ་ངེས་ཀྱང་ཆོས་བ་རིན་པོ་ཆེའི་མདུན་ནས་གདུགས་དཀར་དབང་དང་ལམ་རིམ་ཚིགས་བཅད་མའི་ལུང་ཉན་པ་རེད། བིས་མདོ་དགོན་ཆེན་དུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་མདུན་ནས་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཐོབ་པ་དང་། ཚེ་ཏན་ཞབས་དྲུང་ཚང་གི་མདུན་ནས་གདུགས་དཀར་དབང་།གསེར་ཁྲི་བདེ་གཤེགས་ཚང་གི་མདུན་ནས་ཀུན་རིག་དབང་སོགས་གསུང་ཆོས་མང་པོ་ཉན་པ་ཡིན། འདི་དག་གི་ལོ་ཚིགས་གང་ཡིན་གསལ་བོ་མི་དྲན་ནོ། ལོ་ཉི་ཤུར་སོན་པའི་སྟོན་མཇུག་ཏུ་རྗེ་བཙུན་འཇམ་དབྱངས་ཀྱི་མཚམས་ལ་བསྡད་འདོད་ཧ་ཅང་ཆེ་ཡང་ཨ་ཁུ་བཀའ་དྲིན་ཅན་གྱིས་རིགས་གསུམ་སྤྱིསྒྲུབ་གྱི་མཚམས་ལ་བསྡད་ན་བཟང་བར་གསུངས་བ་ལ་བརྟེན་ནས་རིགས་གསུམ་སྤྱི་སྒྲུབ་གྱི་མཚམས་ལ་ཟླ་གསུམ་རིང་བསྡད་ནས་དམིགས་བརྩེ་མ་སུམ་འབུམ་ལེགས་པར་གྲུབ་པའི་ཚེ་ཨ་ཁུ་བཀའ་དྲིན་ཅན་གྱིས་ཡང་འཇིགས་བྱེད་བསྙེན་ཆེན་ལ་འདུག་ཐུབ་ན་ལེགས་རབ་གསུངས་བར་ང་རང་གིས་ཀྱང་འདུག་ཐུབ་ཅེེས་ཁས་བླངས་ཏེ་རིགས་གསུམ་སྤྱི་སྒྲུབ་གྱི་མཚམས་མ་གྲོལ་བར་འཇིགས་བྱེད་བསྙེན་ཆེན་གྱི་མཚམས་ལ་ལོ་གཅིག་དང་ཟླ་བ་གསུམ་རིང་བསྡད་ནས་རང་ལོ་ཉི་ཤུ་རྩ་གཉིས་པའི་ཧོར་ཟླ་གསུམ་པ་ནང་ལ་མཚམས་གྲོལ་བ་ཡིན།མཚམས་སྔ་ཕྱི་བསྡོམས་ན་ལོ་གཅིག་དང་ཟླ་བ་དྲུག་རིང་མཚམས་ལ་བསྡད་པ་རེད། ཧོར་ཟླ་བཞི་བ་ནང་ལ་ཐར་ཤུལ་དགོན་པར་ཨ་ལགས་ཡོངས་འཛིན་ཚང་གི་སྐུ་མདུན་དུ་ཟླ་བ་བཞིའི་རིང་བསྡད་བའི་ཚེ་ཆོས་བ་རིན་པོ་ཆེ་ཚང་ཡོངས་འཛིན་རིན་པོ་ཆེ་ལ་མཁའ་སྤྱོད་མའི་རྗེས་གནང་སོགས་བཀའ་རྒྱ་མའི་སྐོར་ཞུར་ཕེབས་པ་དང་སྐབས་ཁེལ་བས་ང་རང་ཡང་ཆོས་བ་རིན་པོ་ཆེ་ཚང་དང་མཉམ་དུ་གསུང་ཆོས་མང་པོ་ཐོབ་པའི་གོ་སྐབས་བཟང་པོ་བྱུང་། འདིའི་སྐབས་སུ་ཆོས་བ་རིན་པོ་ཆེས་གསུངས་དོན་གྲྭ་ས་ཆེན་པོ་ཞིག་ལ་དཔེ་ཆ་བལྟ་གི་སོང་ན་བཟང་ཞེས་གསུངས་བ་ལ་ངས་ཨ་ཁུ་བཀའ་དྲིན་ཅན་འཐད་པ་ཨེ་བྱུང་ན་ཞུས་བས་སྐྱོན་མེད་ཨ་ཁུ་ལ་ངས་བཤད་ཆོག་ཅེས་གསུངས་བྱུང་། ང་གྲྭ་ས་གང་ལ་འགྲོ་ན་བཟང་ཞེས་ཞུས་བས་བིས་མདོ་དགོན་ཆེན་དུ་སོང་ལ་དེར་ངའི་ནང་ཆེན་ནང་དུ་བསྡད་ན་འགྲིག་གི་རེད་གསུངས། དེ་རྗེས་སྒོ་དམར་དགོན་པར་སོང་ནས་ཨ་ཁུ་བཀའ་དྲིན་ཅན་ལ་སྔར་གྱི་རྒྱུ་མཚན་རྣམས་ཞུས་བའི་ཚེ་ཨ་ཁུ་བཀའ་དྲིན་ཅན་གྱིས་བིས་མདོ་དགོན་ཆེན་དུ་འགྲོ་ན་དགོས་བ་ཆེར་མེད་དེ་བས་ལྷ་ས་སེ་རྭ་དགོན་པར་འགྲོ་ན་དགའ་གསུངས། དེའི་ཚེ་ཆོས་བ་རིན་པོ་ཆེ་སྒོ་དམར་དགོན་པར་ཞུགས་ཡོད་པས་ཨ་ཁུ་རང་ཉིད་ཁོང་གི་སྐུ་མདུན་དུ་བཅར་ནས་ཁོ་སེ་རྭར་བཏང་ན་དགའ་བའི་རྒྱུ་མཚན་སོགས་ཞིབ་ཚགས་ཞུས་པས་ཁོང་གིས་དགྱེས་བཞིན་དུ་ད་ཁོ་གང་དུ་འགྲོ་འདོད་ཡོད་ན་དེར་ཐོངས་ཤིག། ངས་དགོངས་པ་སྤྲད་པ་ཡིན་ཞེས་གསུངས་པ་ཨ་ཁུས་ང་ལ་གསུངས་བྱུང་། ཐར་ཤུལ་ནས་ཐོན་ཁར་ཡོངས་འཛིན་རིན་པོ་ཆེ་ནས་བསྟན་འཛིན་འོད་ཟེར་ཁྱོད་སློབ་གཉེརལ་སོང་ན་ཉིན་རེར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་ནས་དམིགས་བརྩེ་མ་བརྒྱ་རེ་དང་མྱུར་མཛད་མ་ཁ་ཤས་རེ་ཐོན། ཆོས་པ་རིན་པོ་ཆེ་ཚང་ལའང་ཞུས་ནས་ཞབས་བརྟན་རེ་ཨེ་འདུག་ལྟོས་གསུངས། ཆོས་བ་རིན་པོ་ཆེའི་ཞལ་ནས་ཀྱང་ཉིན་རེར་སྐྱབས་འགྲོ་དང་དམིགས་བརྩེ་མ་བརྒྱ་རེ་འཇིགས་བྱེད་ཁ་ཏོན་བྱེད་ནས་ཡ་མ་ར་ཛ་བརྒྱ་རེ་ཐོན་གསུངས། དེ་ལྟར་བླ་མ་རྣམས་ཀྱི་བཀའ་བཞིན་ཧོར་ཟླ་དགུ་བའི་ཉི་ཤུ་ལྔ་ལ་ང་རང་མདོ་སྨད་ནས་ལྷ་ས་སེ་རྭ་དགོན་པར་སློབ་གཉེར་ལ་ཕྱིན་པ་རེད། ཟླ་འདིའི་ཉི་ཤུ་གཉིས་ནི་རེབ་གོང་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་གསེར་ཁྲིར་མངའ་གསོལ་གནང་བའི་ཉིན་མོ་རེད།
དེ་ནས་ལྷ་སར་སླེབས་རྗེས་ཨ་མ་དང་ངེད་གཉིས་སེ་རྭ་དགོན་པ་སོང་ནས་ཨ་ཁུ་དགེ་འདུན་ཤེས་རབ་དང་མཇལ།སྐབས་དེར་དགའ་ལྡན་དུ་བླ་མ་བཀའ་འགྱུར་བས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་གནང་བ་སོགས་ཐོས་ནས་ཨ་མ་དང་ངེད་གཉིས་དགའ་ལྡན་དུ་སོང་བ་ན་པོ་ཏི་གཅིག་གི་ལུང་གནང་ཚར་འདུག་པས་མོད། དེ་ལས་གཞན་པའི་ལུང་ཆ་ཚང་ཐོབ་པ་ཡིན་ལ། དེ་རྗེས་གཙང་བཀྲིས་ལྷུན་པོར་བཀའ་འགྱུར་དང་དངུལ་ཆུ་ཡབ་སྲས་ཀྱི་གསུང་འབུམ་གྱི་ལུང་གནང་བ་ཡང་ལེགས་པར་ཐོབ་པ་རེད། དེ་ནས་ལྷ་ས་སེ་རྭ་སླེབས་པའི་ཚེ་ལོ་གསར་ཚེས་འདུག་པས་ལོ་གསར་གྱི་རྗེས་སུ་རྒན་བློ་བཟང་ཆོས་འཕེལ་དགེ་རྒན་དུ་བསྟེན་ནས་ལོ་གཉིས་ཙམ་རིང་བསྡུས་གྲྭ་ལ་སྦྱངས་བ་ཡིན། དེ་ནས་རྒན་ཐེག་མཆོག་དང་ཨ་ཁུ་དགེ་འདུན་ཤེས་རབ།རྒན་ཟླ་གྲགས་བཅས་བསྟེན་ནས་ལོ་གཉིས་ཙམ་ལ་བློ་རྟགས་དང་ཕར་ཕྱིན་སྐབས་དང་པོ་རྣམས་ལ་ལེགས་པར་སྦྱངས་པ་དང་། འདིའི་སྐབས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བཞི་དང་གོ་ལྔ་ལོའི་དགུན་ཁར་འཇང་དགུན་ཆོས་ལ་སོང་ནས་རྣམ་འགྲེལ་ལ་ཅུང་ཙམ་བལྟས། གོ་དྲུག་ལོའི་ལོ་མགོར་ཁམས་མི་བདེ་བ་བྱུང་སྟེ་ཆོས་བ་རིན་པོ་ཆེ་ལ་ཞུས་པས་འཇམ་དཔལ་མཚན་བརྗོད་འབུམ་གཅིག་འདོན་དགོས་ཀྱི་འདུག ཨ་ཁུ་བཀའ་དྲིན་ཅན་ལ་ཁྱོད་འཇམ་དཔལ་མཚན་བརྗོད་ཐོན། བསྟན་འཛིན་འོད་ཟེར་ལ་དཔེ་ཆ་ལྟ་རུ་ཆུགས་གསུངས་བ་བཞིན་ཨ་ཁུ་བཀའ་དྲིན་ཅན་གྱིས་ལོ་བཅོ་ལྔ་ལྷག་ལ་འཇམ་དཔལ་མཚན་བརྗོད་འབུམ་གཅིག་གསུངས་བ་རེད། དེའི་བཀའ་དྲིན་གྱིས་སློབ་གཉེར་ལ་བར་ཆད་མ་བྱུང་བར་ལྷ་རམས་དམ་བཅའ་བཞག་ཐུབ་པའི་སྐལ་བཟང་གི་དགའ་སྟོན་དེ་བྱུང་བ་རེད། གོ་དྲུག་ལོར་རྐྱེན་དུ་མས་བསྐུལ་ནས་བོད་ཟླ་དགུ་བའི་ཚེས་མགོ་ནས་བཟུང་རྐང་ལམ་བརྒྱུད་ནས་བལ་བོ་བར་དུ་ཉིན་ཉི་ཤུ་དང་དེ་ནས་རིམ་བཞིན་བོད་ཟླ་བཅུ་བའི་ཚེས་གཅིག་ལ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་སླེབས་པ་རེད། དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཚོགས་ཞུགས་བྱས་ནས་རྗེ་ཀླུ་འབུམ་ཁང་ཚན་དུ་བསྡད་པའི་ཉིན་ཤས་རྗེས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་དུ་ཕེབས་ཏེ་སྐུ་ཐོག་མར་མཇལ་བ་དང་མི་དམངས་ལ་བྱམས་བརྩེ་གནང་ཚུལ་མཐོང་བས་བློ་ཡུལ་ལས་འདས་པའི་སེམས་འགུལ་ཐེབས་བྱུང་། ཟླ་གཅིག་གི་རྗེས་ཤི་རི་གོ་ལིར་༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་སར་སོང་ནས་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ཉན་པ་སོགས་གནས་བསྐོར་བྱས་ཏེ་ཕྱིར་དགའ་ལྡན་དུ་སོང་བ་ན་གོ་བདུན་ལོའི་ལོ་སར་སླེབས་འདུག་པས་ལོ་སར་གྱི་སྤྲོ་སྐྱིད་བཏང་སྟེ་འབྲས་སྤུངས་སུ་སྨོན་ལམ་ལ་སོང་བ་དང་དེ་གྲོལ་ནས་དཔྱིད་ཀར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོར་ཕར་ཕྱིན་སྐབས་དང་པོའི་རྒྱུགས་སྤྲད་ནས་སྐྱབས་གསུམ་འཛིན་གྲྭར་སླེབས་པ་རེད། དགེ་བའི་བཤེས་གཉེན་ཆེན་པོ་བསྟན་འཛིན་ཆོས་འཕགས་དང་མཁན་ཟུར་བློ་བཟང་དབང་ཕྱུག མཁན་ཟུར་བློ་བཟང་ཆོས་འབྱོར། དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་སྨོན་ལམ་དང་། ད་ལྟའི་མཁན་པོའི་ལས་ཐོག་རྒན་བློ་བཟང་ཆོས་ཉིད། ལྷག་པར་དགེ་བའི་བཤེས་གཉེན་ཆེན་པོ་བསྟན་འཛིན་བཟང་པོ་སྟེ་ཡོངས་གྲགས་ཀྱི་མཚན་རྒན་ནང་པ་སངས་རྒྱས་ཞུ་བ་ནི་བཀའ་པོད་ལྔ་ཡོངས་སུ་རྫོགས་པར་ཉན་ས་བཀའ་དྲིན་ཆེ་ཤོས་གཅིག་ཡིན་ནོ། གོང་དུ་བཤད་པའི་དགེ་བའི་བཤེས་གཉེན་རྣམས་རིམ་བཞིན་བསྟེན་ནས་ཉིས་སྟོང་གཅིག་གི་བར་ལོ་ལྔའི་རིང་ཕར་ཕྱིན་གྱི་གཞུང་ཉན་པ་དང་རྩོད་པ་དང་རྒྱུགས་སྤྲོད་ཀྱི་ལམ་ནས་སློབ་གཉེར་ལེགས་པར་བྱས་པ་རེད། འདི་དག་གི་སྐབས་དགོན་པའི་ཞིང་འདེབས་པ་དང་ཞིང་བྲེགས་པ་ལ་སོགས་པར་འགྲོ་དགོས་པས་ཆར་བབས་པ་དང་ཚ་བ་ཆེན་པོ་ཡོད་པའི་སྐབས་འགྲོ་དགོས་དུས་དཀའ་ངལ་ཏོག་ཙམ་ཡོད་པ་རེད། ཕྱིས་སུ་མཁན་ཟུར་བློ་བཟང་ཚེ་འཕེལ་གྲྭ་ཚང་གི་མཁན་ཁྲིར་བཞུགས་པའི་ཚེ་ཁོང་གིས་གྲྭ་ཚང་ལ་སྒོར་འབུམ་མང་པོ་ཕུལ་ནས་གྲྭ་བ་རྣམས་ཞིང་ལས་ལ་འགྲོ་མི་དགོས་པ་བཟོས་པ་རེད། བར་སྐབས་ཅིག་ལ་ཨ་ཁུ་དགེ་འདུན་ཤེས་རབ་ཚང་ཀླུ་འབུམ་ཁང་ཚན་དུ་ཕེབས་པ་ན་སྔར་གྱི་མྱོང་གཞི་དྲག་སྐྱེད་བྱུང་མེད་པས་ཁོང་གིས་རྟ་མགྲིན་ལྕགས་རལ་སྒྲུབ་ཐབས་ཀྱི་ལུང་གནང་ནས་འདིའི་བཟླས་བརྗོད་ལ་ངེས་བར་བརྩོན་དགོས་ཀྱི་འདུག་ཅེས་གསུངས་བ་ལ་བརྟེན་ནས་ཀྱང་བཟླས་བརྗོད་བྱས་བས་བདག་ལ་ཕན་ཐོགས་ཆེན་པོ་བྱུང་། དེ་ནས་ཉིས་སྟོང་དྲུག་བར་དབུ་མ་ལོ་གསུམ་དང་མཛོད་ལོ་གཉིས་སྟེ་ལོ་ལྔའི་རིང་ལའང་རྒན་ནང་པ་སངས་རྒྱས་ཀྱི་མདུན་ནས་གཞུང་ཉན་པ་དང་རྩོད་པ་དང་འཛིན་སྐྱོར་བྱེད་པ་དང་རྒྱུགས་སྤྲོད་སོགས་ཀྱི་ལམ་ནས་སློབ་གཉེར་ལེགས་པར་བྱས་པ་རེད། ༸གོང་ས་མཆོག་གི་སྐུ་མདུན་ནས་སེ་རར་སྟོན་ཐུན་ཆེན་མོའི་བཤད་ལུང་དང་སེར་སྨད་དུ་དྲང་ངེས་ལེགས་བཤད་སྙིང་པོའི་བཤད་ལུང་།འབྲས་སྤུངས་སྒོ་མང་དུ་རྩ་ཤེས་ཊིག་ཆེན་གྱི་བཤད་ལུང་། རྒྱུད་སྨད་གྲྭ་ཚང་དུ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་དང་། བྱང་རྩེ་གྲྭ་ཚང་དུ་སྔགས་རིམ་ཆེན་མོའི་བཤད་ལུང་། རྡ་ལམ་ས་ལར་ལམ་རིམ་མཆན་བཞི་སྦྲགས་མའི་བཤད་ལུང་བཅས་ལོ་སྔ་ཕྱི་མང་པོ་ཞིག་གི་ནང་ལ་ཐོབ་པ་རེད། དུས་འཁོར་དབང་ཆེན་ཡང་༸གོང་ས་མཆོག་གི་མདུན་ནས་ཚར་བཞི་ཙམ་ཐོབ་མྱོང། ༸གོང་ས་མཆོག་གིས་གླིང་རིན་པོ་ཆེའི་སྤྲུལ་སྐུ་ལ་མཚམས་སྦྱོར་གནང་པའི་བླ་མ་སེར་སྨད་དག་པ་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་རིན་འབྱུང་བརྒྱ་རྩ་གཙོ་བྱས་དབང་དང་རྗེས་གནང་མང་པོ་ཞིག་ལོ་ཁ་ཤས་རིང་ལ་བོད་ཟླ་བཅུ་གཉིས་པའི་ནང་འབྲས་སྤུངས་བློ་གསལ་གླིང་ཚོགས་ཁང་གི་ཐོག་ཁར་གནང་པ་ཡང་ལེགས་པར་ཐོབ་པ་རེད། ཚད་མ་རྣམ་འགྲེལ་ནི་ལེའུ་དང་པོ་གཉིས་ལོ་རེར་དགུན་ཁར་འཇང་དགུན་ཆོས་སྐབས་བལྟས། ལེའུ་ཕྱི་མ་གཉིས་དགེ་ལུགས་རྒྱུགས་སྤྲོད་དང་མཉམ་དུ་ལོ་བཞི་ལ་བལྟས་ཚར་བར་བྱས་པ་རེད། འདུལ་བ་ཡང་དགེ་ལུགས་རྒྱུགས་སྤྲོད་ལོ་དྲུག་གི་རིང་མཉམ་དུ་བལྟས་པ་ཡིན། དེ་ནས་ཉིས་སྟོང་བདུན་ནས་ཉིས་སྟོང་བཅུ་གཉིས་པར་ལོ་དྲུག་གི་རིང་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་པ་ཡིན། ལོ་དང་པོ་གཉིས་ལ་བཀའ་རམས་དང་བར་བ་གཉིས་ལ་སློབ་དཔོན་དང་ཐ་མ་གཉིས་ལ་ལྷ་རམས་འཛིན་གྲྭ་ཞེས་བརྗོད་ལ། དང་པོ་གཉིས་ལ་བྲིས་རྒྱུགས་ཁག་དགུ་རེ་དང་རྩོད་རྒྱུགས་ཁག་ལྔ།བར་བ་གཉིས་ལ་བྲིས་རྒྱུགས་ཁག་དྲུག་དང་རྩོད་རྒྱུགས་ཁག་ལྔ། ཐ་མ་ལྷ་རམས་གཉིས་ལ་རྩོད་རྒྱུགས་ཁག་ལྔ་རེ་ལས་མེད། དགེ་ལུགས་རྒྱུགས་སྤྲོད་པ་རྣམས་ལ་དབང་པོ་རབ་འབྲིང་ཐ་གསུམ་ཡོད་ཀྱང་ཐམས་ཅད་བཀའ་པོད་ལྔ་ལ་སློབ་གཉེར་ཚུལ་བཞིན་བྱས་ཚར་བ་ཤ་སྟག་རེད། སྤྱིར་ནང་པའི་གཞུང་རྒྱ་ཆེ་བ་དང་ལྷག་པར་དགེ་ལུགས་རྒྱུགས་སྤྲོད་ནི་དཀའ་ལས་ཤིན་ཏུ་ཆེ་ཡང་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན། དགེ་ལུགས་རྒྱུགས་སྤྲོད་ལ་ཐོག་མར་འགྲོ་བའི་ཚེ་སྤྱིར་དགེ་ལུགས་རྒྱུགས་སྤྲོད་པ་ལྔ་བརྒྱ་ལྷག་ཡོད་ལ། ཁྱད་པར་ང་དང་མཉམ་དུ་རྒྱུགས་སྤྲོད་མཁན་བཀའ་རམས་དང་པོ་བ་བརྒྱ་དང་ལྔ་བཅུ་ལྷག་ཡོད་ཀྱང་ལོ་ཐ་མ་ལྷ་རམས་དམ་བཅའ་བཞག་པའི་ཚེ་ལྷ་རམས་པ་བདུན་ཅུ་ཙམ་ལས་ལྷག་མི་འདུག
གཙོ་བོ་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ལོ་དྲུག་གི་རིང་ལུས་ལ་རྐྱེན་ངན་གང་ཡང་མ་གོས་པར་རྒྱུགས་རྣམས་རིམ་བཞིན་དུ་ལེགས་པར་འཕྲོད་དེ་ཉིས་སྟོང་བཅུ་གཉིས་ལོར་ལྷ་རམས་དམ་བཅའ་བཞག་པ་ཡིན། ཉིས་སྟོང་བཅུ་གསུམ་གྱི་ལོ་སར་སྨོན་ལམ་སྐབས་འབྲས་སྤུངས་དང་སེ་རྭ་ལ་ལྷ་རམས་པའི་གྲྭ་སྐོར་གྱི་རྟེན་འབྲེལ་ཡང་བྱེད་ཅིང་། དེ་རྗེས་རྒྱུད་སྟོད་སྨད་གང་རུང་ཞིག་ལ་ཞུགས་ནས་ལོ་གཅིག་ལ་ཆོས་ཐོག་འགྲིམས་དགོས་པའི་ཕྱག་སྲོལ་བཟང་པོ་ཡོད་པ་སྣང་བཞིན་ཉིས་སྟོང་བཅུ་གསུམ་ལོའི་བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་རྡོ་རྗེ་ཐེག་པ་ལ་སློབ་གཉེར་བྱེད་བཞིན་པ་ལགས་སོ།།
༢༠༡༣བོད་ཟླ༥ཚེས༨ལ་༸དགའ་བྱང་༸རྗེ་ཀླུ་འབུམ་སྒོ་དམར་ལྷ་རམས་པ་བསྟན་འཛིན་འོད་ཟེར་གྱིས།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,