སྒོ་དམར་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

རྩོམ་པ་པོ……..ཚངས་དབང་དགེ་འདུན་བསྟན་པ།

སྒོ་དམར་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ཚང་ནི། སྒོ་དམར་སྐུ་ཕྲེང་དྲུག་པ་ཡིན་ལ།
ཁོང་གི་འཁྲུངས་ཡུལ་ནི་མཚོ་སྔོན་པོ་བཀའ་འགྱུར་ཧ་ཡག་ཚོ་བ་བྱ་བ་དེ་ནས་འཁྲུངས། ལ་ལས་བཀའ་འགྱུར་སྔགས་པ་ཞྭ་སྐོར་ཚོ་བ་ཡིན་ཡང་ཟེར། འཁྲུངས་ལོ་མི་གསལ་ཡང་འདས་ལོ་ནི་སྤྱི་ལོ་༡༩༢༥་ལོ་ཡིན། ༼ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽་དུ།

ཨ་རོལ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་ཡས་མས་ཤིག་ལ་སྒོ་དམར་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ཚང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཚུལ་རྣམ་ཐར་ལས་གསུངས་པ་ལ་གཞིགས་ན། རབ་བྱུང་བཅོ་ལྔ་བའི་མགོ་ཞིག་ལ་འཁྲུངས་པ་ཡིན་ནམ་སྙམ། བྲག་དཀར་སྤྲུལ་སྐུ་དང་སྐུ་མཆེད་ཡིན། བྲག་དཀར་སྤྲུལ་སྐུ་ཟེར་བ་དེ་ནི་བྲག་དཀར་སྔགས་རམས་པའི་སྤྲུལ་སྐུ་ཚང་མིན་ལ། འདམ་བུ་བྲག་དཀར་སྤྲུལ་སྐུ་བྱ་བ་དེའི་སྤྲུལ་སྐུ་ཡིན་པར་བཤད། ཁོང་ནི་སྨན་པ་གྲགས་ཅན་ཞིག་ཡིན་པས། སྒོ་དམར་སྤྲུལ་སྐུ་རོང་པོ་དགོན་ཆེན་གྱི་གསེར་ཁྲི་སྐྱོང་སྐབས་མཐུན་རྐྱེན་དང་སྦྱིན་བདག་གི་མཐིལ་དུ་མཛད་དེ་ཞབས་དོན་བསྒྲུབས། ཁ་ཅིག་གིས་གོང་གི་བྲག་དཀར་སྤྲུལ་སྐུ་ཟེར་བ་ནི། བྲག་དཀར་ཐེམ་ཆེན་གྱི་སྤྲུལ་སྐུ་ཡིན་ཡང་ཟེར། ཞིབ་ཏུ་མ་ངེས་སོ།།
སྒོ་དམར་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ཚང་ནི་བོད་གངས་རིའི་ལྗོངས་ན་མིང་དུ་གྲགས་པའི་མཁས་པའི་དབང་བོ་ཞིག་མིན་ཡང་། རོང་པོ་དགོན་ཆེན་གྱི་ཁྲི་བ་བཞུགས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་མ་ཟད། འདོད་ཆུང་ཆོག་ཤེས་དང་ཞི་དུལ་ནང་གཙང་གི་བཀའ་གདམས་པའི་གླང་རུ་ཐང་བ་ལྟ་བུ་གཉོམ་ཆུང་ཞིག་ཡིན་པས། སྐབས་དེར་རེབ་གོང་གི་མཁས་རྒུ་ཀུན་གྱིས་གཙིགས་སུ་འཛིན་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་བླ་སྤྲུལ་ཚད་འཇོག་ས་ཞིག་ལ་བརྩིའོ།། སྐུ་ཕྱོགས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་དང་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་རྣམ་པ་གཉིས་ཀྱིས་སྒོ་དམར་སྤྲུལ་སྐུ་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ་དང་། ཞྭ་དམར་པཎྚི་ཏ། གྲུབ་དབང་འཇིགས་མེད་བསམ་གཏན། ཁྲི་རྒན་འཇམ་པའི་དབྱངས། ཡོངས་འཛིན་སྒིས་སྟེང་བློ་བཟང་དཔལ་ལྡན། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཨ་རོལ་ཡོངས་འཛིན་བློ་བཟང་དར་རྒྱས། གཡེར་གཤོང་མཁན་པོ་སོགས་དགེ་བའི་བཤེས་བསྙེན་བཅུ་ལྷག་བསྟེན་ནས་རིམ་གྱིས་མཁས་བཙུན་བཟང་གསུམ་གྱིས་སྐུ་ཡོན་གྱི་ཁོ་ལག་རྒྱས་ཤིང་བཤད་སྒྲུབ་ཀྱི་བསྟན་པ་ཡོངས་སུ་སྤེལ་བའི་མཛད་འཕྲིན་བླ་ན་འབར། ཁོང་རོང་པོ་དགོན་གྱི་གསེར་ཁྲི་བསྐྱངས་པའི་ལོ་ནི། སྤྱི་ལོ་༡༩༡༣་ལོ་ནས་༡༩༡༥་བར་ཡིན་པར་གསལ་ཏེ། རྗེ་འཇིགས་དམ་ཆོས་རྒྱ་མཚོས་མཛད་པའི་༼དཔལ་ཆོས་མཁན་ཆེན་བློ་བཟང་ལུང་རྟོགས་རྒྱ་མཚོའི་རྣམ་ཐར༽་ལས། སྟག་ལུང་ཚང་གིས་ཚབ་བྱས་ཏེ་ནང་ཆེན་ནས་ཁྲི་བསྐྱངས་ཆོག་པའི་ཞུ་བ་ཕུལ་པར། ད་དུང་སྒོ་དམར་ཚང་གི་ལོ་གཅིག་དང་། བསེ་ཚང་གི་ལོ་གསུམ་ཡོད་པས་དེ་རིང་ཨུ་ཚུགས་བྱེད་མི་དགོས། ཞེས་འཁོད་པར་དེར་བལྟས་ན་ཤེས་ཐུབ་བོ།།དེ་ནས་སྤྱི་ལོ་༡༩༡༥་ལོ་ནས་ལོ་འགའ་ལ་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཚང་གི་མདུན་ནས་དབང་ལུང་རྗེས་གནང་དང་། གཞུང་ཆེན་སྐོར་ལ་སློབ་གཉེར་མཛད། ༼ཁྲི་རྒན་ཚང་གི་རྣམ་ཐར་༽དུ། དགུང་ལོ་ལྔ་བཅུ་བ་ཤིང་ཡོས་ལོར། སྒོ་དམར་དུ་བསུ་བ་སེར་སྦྲེང་དང་བཅས་ཕེབས། སྨིན་དྲུག་ཟླ་བའི་ཚེས་བཅུ་གཅིག་ནས། སྲས་ཀྱི་ཐུ་བོ་རྗེ་ཨ་རོལ་བ་སོགས་བླ་སྤྲུལ་བཅུ་ལྷག་དང་། བྱ་བཏང་དགེ་འདུན་སྟོང་ལྷག་ལ་འཇིགས་བྱེད་དཔའ་པོ་གཅིག་པའི་དབང་སྟ་གོན་དང་བཅས་པ། ཚེ་རྟ་མགོན་གསུམ། ལྕམ་སྲིང་རྣམས་ཀྱི་རྗེས་གནང་། ཧ་འདོན་གྱི་ཁྲིད། ལུང་ཕྲན་དུ་མ་བཅས་བཀའ་དྲིན་བསྐྱངས། ཞེས་པ་དང་། ཡང་དེ་ཉིད་ལས། དགུང་ལོ་ང་གཅིག་པ་མེ་ཕོ་འབྲུག་ལོར། སྒོ་དམར་ཚོགས་མང་ལ་དབེན་སའི་གཅོད་དབང་། དྲག་པོ་སུམ་དྲིལ་གྱི་རྗེས་གནང་། རྗེ་སྐལ་ལྡན་རྒྱ་མཚོས་མཛད་པའི་གདན་ཐོག་གཅིག་མའི་ལུང་ཁྲིད་གནང་བ་སོགས་དོན་གཉེར་བ་སོ་སོར་ཆོས་བཀའ་སིལ་མ་མང་པོ་དང་། ལྔ་རིག་སྨྲ་བའི་དབང་བོ་དུས་ཞབས་པ་ཆེན་པོ་བློ་བཟང་དཔལ་ལྡན་ལས་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་དང་། གཡེར་གཤོང་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་མཛད་པའི་མི་ཏྲའི་དབང་ཆོག་གི་ལུང་གསན། ཞེས་གསལ། དགུང་ལོ་ང་གཉིས་པ་མེ་སྦྲུལ་ལོར། སྒོ་དམར་ཚོགས་ཡོངས་ལ་ལྕམ་སྲིང་བེའུ་བུམ་དང་། གཡེར་གཤོང་སྐུ་ཕྱོགས་ཆེ་བ་ངག་དབང་བསྟན་འཛིན་བློ་བཟང་བློ་གྲོས་རྒྱ་མཚོས་ཞུས་ཏེ། རྣམ་སྲས་སེར་ཆེན་བེའུ་བུམ་གྱི་ལུང་གནང་། ལོ་འདིར་ཨ་རོལ་ཚང་དང་། སྒོ་དམར་སྤྲུལ་སྐུ་སོགས་གསན་མཁན་བརྒྱ་ལྷག་ལ་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་གནང་། དེ་ནས་སྤྱི་ལོ་༡༩༡༧ལོར་ཡོངས་འཛིན་བློ་བཟང་དཔལ་ལྡན་ཚང་གི་མདུན་ནས་སྙན་ངག་དང་རིག་གནས་སྐོར་སྦྱངས་པ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི༼ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྣམ་ཐར་རྫོགས་ལྡན་དེ་ཉིད་སྣང་བ༽་རུ། ཡོངས་འཛིན་རིན་པོ་ཆེ་དགུང་ལོ་སོ་བདུན་པ་མེ་སྦྲུལ་ལོར། ས་གའི་ཚེས་བཅུ་གཅིག་ནས་ཤར་བླ་བྲང་དུ། རྒྱལ་ཚབ་ཨ་རོལ་སྐུ་ཞབས། སྒོ་དམར་སྤྲུལ་བའི་སྐུ། ཁོ་བོ་(མར་ནང་དམ་ཆོས་རྒྱ་མཚོ་ཚང་)ཅག་སོགས་འགྲེལ་གཉིས་ཀྱི་སྟེང་ནས་སྙན་ངག་ཞིབ་བཤད་རྩོམ་རྒྱུགས་བཞེས་པ་དང་བཅས་པ། རྒྱུད་པའི་འདུ་ཁང་དུ་ཁྲི་ཆེན་མཆོག་གིས་བདེ་གསང་འཇིགས་གསུམ་གྱི་དབང་དང་། རྗེས་གནང་འགའ་གནང་བ་གསན། ཞེས་གསལ།ཡང་དེ་ཉིད་ལས། ཨ་རོལ་རིན་པོ་ཆེ་སོགས་སྔར་གྱི་གསན་མཁན་རྣམས་ཀྱི་སྟེང་སྟག་ལུང་གྲུབ་སྤྲུལ་དང་། དར་གྲོང་སྤྲུལ་སྐུ་སོགས་བསྣན་པར་སྙན་ངག་འཕྲོས་ཡོངས་རྫོགས་དང་། གསར་བསྣན་རྣམས་ལ་སྔར་གང་སོང་སླར་ཁྲིད་སྐབས་ཁོ་བོ་ཅག་ཀྱང་ཉན་པ་པོའི་གྲས་སུ་ཚུད་པ་བཀའ་དྲིན་བསྐྱངས་པས་ཕྲན་རང་ནས་ལོ་འདིར་སྙན་ཁྲིད་ཡོངས་རྫོགས་ཚར་གཉིས་ཞུ་ཐུབ་པ་བྱུང་། ཞེས་གསལ་བས། དེས་ན་སྒོ་དམར་སྤྲུལ་སྐུ་ཡང་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་སྙན་ངག་ཚར་གཉིས་ཁྲིད་པ་ཡིན་ནམ་སྙམ་མོ།། ཡང་དེ་ཉིད་ལས། དགུང་ལོ་ང་གཅིག་པ་མེ་ཕོ་འབྲུག་ལོར། (འདིའི་མེ་འབྲུག་ནི་སྤྱི་ལོ་༡༩༡༦ལོ་ཡིན) སྒོ་དམར་ཚོགས་མང་ལ་དབེན་སའི་གཅོད་དབང་། དྲག་པོ་སུམ་དྲིལ་གྱི་རྗེས་གནང་། རྗེ་སྐལ་ལྡན་རྒྱ་མཚོས་མཛད་པའི་གདན་ཐོག་གཅིག་མའི་ལུང་ཁྲིད་གནང་བ་སོགས་དོན་གཉེར་བ་སོ་སོར་ཆོས་བཀའ་སིལ་མ་མང་པོ་དང་། ལྔ་རིག་སྨྲ་བའི་དབང་བོ་དུས་ཞབས་པ་ཆེན་པོ་བློ་བཟང་དཔལ་ལྡན་ལས་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་དང་། གཡེར་གཤོང་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱིས་མཛད་པའི་མི་ཏྲའི་དབང་ཆོག་གི་ལུང་གསན། ཞེས་གསལ། དེ་ནས་ཁྲི་རྒན་ཚང་དགུང་ལོ་དྲུག་ཅུ་བ་ཤིང་གླང་ལོ་སྟེ་སྤྱི་ལོ་༡༩༢༥་ལོར། སྒོ་དམར་མཆོག་སྤྲུལ་རིན་པོ་ཆེས་དུང་ཆེན་ཆ་སོགས་ཕུལ་བ་དགོན་པ་གསར་བའི་ཆ་རྐྱེན་དུ་གལ་ཆེ་བར་དགོངས་ནས་དགྱེས་བཞེས་མཛད། ཅེས་དེ་ཉིད་ཀྱི་རྣམ་ཐར་ལས་བཤད་ཅིང་། དེ་ལྟར་རང་དང་གཞན་གྱི་འགྲོ་དོན་མཛད་བཞིན་པའི་སྒང་དེར་གློ་བུར་དུ་སྐུ་གཤེགས་སོ།། ཁོང་གིས་མཛད་པའི་ཞབས་བརྟན་གསོལ་འདེབས་དང་། སློབ་གཉེར་བསླབ་བྱ་སོགས་ཕྱག་རྩོམ་ཐོར་བུ་འགའ་རེ་ཡོད་པར་བཤད་པས། རྩད་གཅོད་བྱས་ཀྱང་ལག་སོན་ནི་མ་བྱུང་། གཞན་བྱང་རྩེ་མཁན་པོས་མཛད་པའི་༼སྒོ་དམར་སྤྲུལ་བའི་སྐུ་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་༽ཞེས་པ་ཞིག་ཀྱང་ཡོད་ཚུལ་བླ་རྒན་འགའ་རེས་ཟེར་བ་ལས་དངོས་སུ་མཐོང་མ་མྱོང་ངོ་།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,