སྟོན་ཟླ་རིང་མོར་གྱེར་བའི་གླུ།

སྟོབས།

མུན་པ་སྟུག་པོ་འདི་གནམ་གྱིས་བཏང་བྱུང་།།
རྨི་ལམ་རིང་མོ་ཞིག་ང་ཡིས་རྨིས་བྱུང་།།
སྤྲོ་སྡུག་གཉིས་འཛོམས་ཀྱི་རྒྱ་མཚོའི་ངོགས་སུ།།
སྐྱིད་ཀྱི་མེ་སྟག་ཅིག་རེག་རྒྱུ་ཁག་པོ།།

སྟོན་ཟླ་རིང་མོ་འདི་ཐོལ་གྱིས་སླེབས་བྱུང་།།
ལྗོན་ལོ་སེར་བོ་འདི་དལ་གྱིས་ཟགས་སོང་།།
སྣ་ཚོགས་ལྷགས་རླུང་གི་སོ་ཁའི་ཁྲོད་ནས།།
ལུས་སེམས་ཉིས་ཆ་ནས་གྲང་འདར་བརྒྱབས་བྱུང་།།

དཔུང་མེད་མྱི་ཧྲེང་གི་ལམ་ཁ་དོག་པོ།།
དཔྲལ་བ་གཏུག་ས་ཡི་གནས་ཤིག་མ་མཐོང་།།
ཁྱིམ་གྱི་ཉི་ཟླ་ལས་མགོན་ཞིག་མེད་པ།།
ད་ནི་ད་ལྟ་རང་གཞི་ནས་ཚོར་སོང་།།

ལུ་གུ་འཚོ་རོགས་ཤིག་སྔོན་ནས་ང་མེད།།
རྨི་ལམ་གཏང་ས་ཞིག་ད་ལ་ང་མེད།།
སེམས་ཚོར་སྣ་མང་གི་མཚན་ལྗོངས་རིང་བོར།།
སྒོ་དང་སྒེའུ་ཁུང་ནི་བརྒྱབས་ཏེ་སྡོད་པ།།

ཡིད་འོང་འཛུམ་དཀར་རེ་སེམས་ལ་ཟུག་པ།།
མཚར་མཚར་སྔངས་སྔངས་ཤིག་རེད་འདོད་མ་བྱུང་།།
རྨི་ལམ་མཛེས་པོ་རེ་དབང་མེད་གཏོང་བ།།
སྲིད་པ་འཁོར་ལོ་འདིའི་ཆོས་ཤིག་ཡིན་འདུག།

དགའ་དུས་ན་ཟླ་ཚོ་ངང་གིས་འདུས་འོང་།།
སྡུག་དུས་སྤུན་ཟླས་ཀྱང་བསྐྱུར་ནས་བུད་འགྲོ།།
འཇིག་རྟེན་རི་ལུང་གི་ཉིན་སྲིབ་བར་ན།།
ཤེས་བྱའི་གནས་ལུགས་ཀྱི་མཛེས་པ་མོད་པོ།།

སྟོན་མཇུག་མེ་ཏོག་གི་འདབ་ལོ་སེར་བོ།།
མཐོན་པོ་བར་སྣང་ནས་མིག་ལ་ལྷུང་གི།
སྐྱོ་བའི་མཆི་མ་ཡི་ཕྲེང་བ་དཀར་བོ།།
མངོན་མེད་དལ་ཅག་གེར་སེམས་ལ་འཐོར་ཀི།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,